ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྨ་ཆུ་ཟི་ལིང་དུ་འདྲེན་རྒྱུའི་ལས་གཞི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་རྒྱ་སྒོར་དུང་ཕྱུར་༣༧༤་འགྲོ་སོང་བཏང་ནས་རྨ་ཆུ་ཟི་ལིང་དུ་འདྲེན་རྒྱུའི་ལས་གཞི་དེ་༢༠༡༩་ལོར་མགོ་འཛུགས་འཆར་ཡོད་པ་དང་། ལས་གཞི་འདི་ནི་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ས་ཁུལ་ཡར་རྒྱས་གཏོང་ཐབས། ལན་ཀྲུག་དང་ཟི་ལིང་རྒྱུད་ཀྱི་གྲོང་ཁྱེར་ཁག་གི་འཛུགས་སྐྲུན་རྒྱ་བསྐྱེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་ཕན་པའི་འཐབ་ཇུས་ཅན་གྱི་ལས་གཞི་ཞིག་ཡིན་ཞེས་དབྱང་ཀོང་དྲྭ་ཚིགས་དང་ནུབ་མཚོའི་གྲོང་ཁྱེར་གསར་འགྱུར་སོགས་མཚོ་སྔོན་ཞིང་ཆེན་གྱི་གཞུང་འབྲེལ་དྲྭ་ཚིགས་ཁག་ཏུ་གནས་ཚུལ་སྤེལ་འདུག

རྨ་ཆུ་ཟི་ལིང་དུ་འདྲེན་རྒྱུའི་ལས་གཞི་འདི་འཛུགས་སྐྲུན་བྱ་ཡུལ་གྱི་ས་ཁོངས་ནི་ཟི་ལིང་གྲོང་ཁྱེར་གྱི་མཁར་དབུས་ཁུལ་དང་། མཁར་ཤར་ཁུལ། ཙོང་ཁ་རྫོང་བཅས་ཡིན་པར་མ་ཟད། མཚོ་ཤར་གྲོང་ཁྱེར་ཁོངས་ཀྱི་ལུང་མདོ་ཁུལ་དང་དམར་གཙང་ཁུལ། ཧོར་གྲོང་རྫོང་། གཞོང་ཐང་རྫོང་། མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་བཅས་ཀྱི་གྲོང་བརྡལ་དང་ཡུལ་ཚོ་ལྔ་༥༣་གྱི་གྲོང་སྡེ་༤༡༢་ལ་ཁྱབ་ཀྱི་ཡོད་ཅིང་། ཆུ་འདྲེན་ལས་གཞི་འདི་དུས་ཡུན་ལོ་༨་ཀྱི་ནང་བསྒྲུབ་ཚར་དགོས་པའི་འཆར་འགོད་བྱེད་ཀྱི་ཡོད་པ་རེད། ལས་གཞི་འདི་ཐོག་མར་རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་ཕྱོགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་འཆར་གཞི་གཏོང་མཁན་གྱི་འགོ་ཁྲིད་ཚོགས་ཆུང་ཞིག་གིས་ཐག་བཅད་ཅིང་། ཐོག་མའི་དམིགས་ཡུལ་ནི་རྒྱ་ནག་གི་ཆུའི་བཟོ་སྐྲུན་གྱི་ལས་ཀ་འཐུས་ཚང་དུ་གཏོང་རྒྱུ། ལན་ཀྲུག་དང་ཟི་ལིང་རྒྱུད་ཀྱི་གྲོང་ཁྱེར་ཁག་གི་འཛུགས་སྐྲུན་རྒྱ་བསྐྱེད། ཟི་ལིང་གཙོས་མཚོ་ཤར་ས་ཆའི་གྲོང་ཁྱེར་ཁག་ཏུ་ཆུའི་དགོས་མཁོ་བསྐོངས་ནས་རྒྱ་ནག་གི་ས་ཁུལ་ཁག་གི་འཕེལ་རྒྱས་དོ་མི་སྙོམས་མེད་དེ་ཚོར་ཁ་གསབ་བྱེད་ཐབས་བཅས་ཀྱི་ཆེད་དུ་ཡིན་པར་བསྒྲགས་འདུག

ལས་གཞི་འདིའི་ཁོངས་སུ་ཆུ་འདྲེན་ལས་གཞི་དང་ཆུ་མཁོ་འདོན་གྱི་ལས་གཞི་ཞེས་ལས་གཞི་རིགས་མི་འདྲ་བ་རིགས་གཉིས་སུ་བཀར། མཚོ་སྔོན་ཞིང་ཆེན་ཆུ་གློག་འཛུགས་སྐྲུན་ཇུས་འགོད་ཁང་ཞིག་གིས་ལོ་འདིའི་མགོ་སྟོད་ནས་ཆུའི་འཛུགས་སྐྲུན་ལ་མཁས་པའི་མི་སྣ་༦༠་ལྷག་བསྡུས་ནས་ཆུ་འདྲེན་སའི་ལམ་ཐིག་འཐེན་མཁན་དང་། ས་གཤིས་བརྟག་དཔྱད་བྱེད་མཁན་སོགས་ཀྱི་སྡེ་ཚན་འདྲ་མིན་བཙུགས་ནས་སྤྱི་ལེ་༥༥༣་ཅན་གྱི་ཆུ་འདྲེན་གྱི་ལམ་ཁ་གཏན་ཁེལ་བྱས་ཟིན་པའི་གནས་ཚུལ་བཀོད། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་བོད་ཀྱི་གཙང་པོ་ཁག་ནི་རྒྱ་ནག་གི་ཆུ་དང་གློག་གི་ཐོན་ཁུངས་གཙོ་བོ་རྣམས་ཡིན་པའི་སྟབས་ཀྱིས་རྒྱ་གཞུང་གིས་ཆུ་བོ་འདི་དག་གི་རྒྱུད་ཀྱི་བོད་ཀྱི་ས་ཐོག་ཏུ་གློག་འདོན་པའི་ཆེད་དུ་ཆུ་མཛོད་མང་པོ་བརྒྱབ་ཡོད་པར་མ་ཟད། ཆུ་སྣ་ཁ་སྒྱུར་ལས་གཞི་ཡང་མང་པོ་གཉེར་གྱི་ཡོད་པས་བོད་ཀྱི་རང་བྱུང་གི་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་རེད།།

གལ་སྲིད་ས་འགུལ་དང་ཆུ་ལོག་སོགས་རང་བྱུང་གི་གནོད་པ་ཚབས་ཆེན་ཐེབས་པ་ཡིན་ན་ཆུ་མཛོད་ཁག་གི་རགས་ཁ་ཤོར་རྒྱུའི་ཉེན་ཁ་ཡོད་ཅིང་། ཉེན་ཁ་དེའི་འོག་ཏུ་བོད་ཀྱི་ས་ཁུལ་མང་ཆེ་བར་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཐེབས་རྒྱུའི་ཉེན་ཁའང་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་རྨ་ཆུ་ཟི་ལིང་དུ་འདྲེན་རྒྱུའི་ལས་གཞི་མགོ་འཛུགས་སའི་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་ནི་སྔོན་བོད་ཀྱི་ཙོང་ཁ་རྒྱལ་རྒྱུད་ཀྱི་དབང་སྒྱུར་ས་ཁུལ་ཡིན་ཞིང་། ས་ཆ་འདི་མདོ་ཁམས་ཀྱི་རི་བོ་གྲགས་ཅན་ཙོང་ཁའི་དཀྱིལ་རི་དང་ཉེ་སར་ཡོད། ཙོང་ཆུ་ཡང་གྲོང་ཁྱེར་འདིའི་རྒྱུད་དུ་འབབ་ཀྱི་ཡོད་པས་ས་ཁུལ་འདིར་ཙོང་ཁ་བདེ་ཁམས་ཞེས་གྲགས། གྲོང་ཁྱེར་གྱི་ཉེ་སར་སྐུ་འབུམ་བྱམས་པ་གླིང་དང་ཤ་བ་རི་རྫོང་། བྱང་གི་དགོན་ཆེན་བཞི་སོགས་དགོན་ཆེན་ཁག་དང་སྐུ་འབུམ་ཚོ་དྲུག་སོགས་བོད་སྡེ་མང་པོ་ཡོད་མོད། འོན་ཀྱང་ས་ཆ་འདི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཡོད་པས་དེང་སྐབས་རྒྱ་ནག་པ་དང་ཁ་ཆེ་མང་སའི་གྲོང་ཁྱེར་ཞིག་ཏུ་གྱུར། རྒྱ་ནག་གི་གཞུང་འབྲེལ་རྩིས་ཐོ་ལྟར་ན་དེང་སྐབས་ཟི་ལིང་གྲོང་ཁྱེར་དུ་གཏན་སྡོད་བྱས་ཡོད་པའི་མི་གྲངས་ས་ཡ་༢༣༥༠༠༠༠་ཡོད་པ་དེའི་གྲས་སུ་བོད་པའི་མི་འབོར་༡༢༠༠༠༠་འབུམ་གཅིག་ལྷག་དང་རྒྱ་ཁ་ཆེ་༣༧༠༠༠༠་ཡོད་ཅིང་། སྤྱིར་བཏང་མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་༦་དང་། དཔའ་ལུང་དང་ཞུང་ཧྭ་སོགས་སུ་བོད་རིགས་རང་སྐྱོང་ཡུལ་ཚོ་མང་པོ་ཡོད་པ་བཅས་མཚོ་སྔོན་གྱི་ས་ཆ་མང་ཆེ་བ་ཞིག་ནི་བོད་པ་འདུས་སྡོད་བྱ་ཡུལ་ཁག་ཡིན་པ་རེད།།

XS
SM
MD
LG