༄༅།། ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་དབྱན་ཏེ་ཧྥས་ལོ་འདིའི་ཕྱི་ཟླ་༧་མི་འགྱངས་པར་ཨ་མི་རི་ཀས་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༦༠་ལྷག་བཙོང་དགོས་པའི་སྙན་ཞུ་ཕུལ་ཡོད། ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཨ་མི་རི་ཀ་ནས་འཐབ་འཛིང་གནམ་གྲུ་ནང་འདྲེན་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་ཕྱི་ཟླ་༤་ཚེས་༡༠་ཉིན་ཐེ་ཝན་གཞུང་གིས་ཨ་མི་རི་ཀར་དམག་གི་གནམ་གྲུ་བཙོང་རོགས་ཞེས་སྙན་ཞུ་ཕུལ་ཡོད་པ་ངེས་གཏན་བྱས་ཤིང་། ཉེ་ཆར་ཕྱི་ཟླ་༣་ཚེས་༡༩་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་མི་རི་ཀ་དང་ཁེ་ན་ཌའི་གནམ་དམག་གི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་མི་ཚོར་ཐུག་འཕྲད་བྱས་པའི་སྐབས་སུའང་ཐེ་ཝན་གཞུང་གིས་ཨ་མི་རི་ཀར་འཐབ་འཛིང་གནམ་གྲུ་བཙོང་དགོས་པའི་འབོད་སྐུལ་ཞུས་ཡོད་ཅེས་བསྒྲགས།།
ཐེ་ཝན་གྲོས་ཚོགས་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་ཚོགས་ཆུང་གི་འཐུས་མི་ཚོས་མཚོ་གླིང་དེའི་རྒྱལ་སྲུང་དང་དམག་དོན་བཟོ་ལས་ཁག་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཁག་ལ་བསྐྱར་ཞིབ་བྱ་རྒྱུ། ཐེ་ཝན་གྱི་གནམ་དམག་སྤྱི་ཁྱབ་བཀོད་འདོམས་པ་ལིའུ་ཅན་ཡོན་གྱིས་གྲོས་ཚོགས་འཐུས་མི་ཚོར་ཨ་མི་རི་ཀ་ནས་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༦༦་ཉོ་ཐབས་བྱེད་བཞིན་ཡོད་ཅེས་སྙན་སེང་ཞུས། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་རྒྱལ་སྲུང་བློན་ཆེན་དབྱན་ཏེ་ཧྥ་ལ་ཨ་མི་རི་ཀས་ནར་འགྱངས་གཏོང་དོན་རྒྱ་ནག་དང་ཨ་མི་རི་ཀའི་གྲོས་དོན་གྲོས་མོལ་ལ་འབྲེལ་བ་ཡོད་དམ་ཞེས་དྲིས། རྒྱལ་སྲུང་བློན་ཆེན་དབྱན་གྱིས་ང་ཚོས་ཨ་རིའི་གཞུང་ལ་སྙན་ཞུ་ཕུལ་ནས་ཉི་མ་༡༥༠་ཐམ་པའི་ནང་ཚུད་དུ་ཨ་རིའི་གཞུང་གིས་གྲོས་ཚོགས་ལ་ཆོག་མཆན་ཞུ་དགོས། འདི་ནི་རྒྱུན་ལྡན་གྱི་འགྲོ་ལུགས་ཤིག་ཡིན། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འབྲེལ་བ་ཆེན་པོ་ཡོད་མི་སྲིད་ཅེས་ལན་བཏབ། ཁ་སྔོན་ཕྱི་ཟླ་༢་ནང་དུ་ཐེ་ཝན་གཞུང་གིས་ཨ་མི་རི་ཀར་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་དགོས་པའི་སྙན་ཞུ་ཕུལ་ཡོད་པས་ཕྱི་ཟླ་༧་པ་མི་འགྱངས་པར་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་བྱ་དགོས།།
གསར་འགྱུར་ལས་ཁང་ཁག་ཅིག་གིས་ཐེ་ཝན་གྱིས་ཨ་མི་རི་ཀར་འཐབ་འཛིང་གནམ་གྲུའི་རིན་གོང་ལྡབ་གཅིག་དང་ཕྱེད་ཀ་སྤྲད་ནས་ཉོ་ཐབས་བྱེད་བཞིན་འདུག་ཅེས་གནས་ཚུལ་སྤེལ་རུང་རྒྱལ་སྲུང་བློན་ཆེན་དབྱན་ཏེ་ཧྥས་གསར་འགྱུར་དེ་ཚོ་དཀྲོག་གཏམ་རེད། རྒྱལ་ཁབ་གཞན་པས་སྤྲོད་ཀྱི་ཡོད་པའི་རིན་གོང་ལྟར་ཐེ་ཝན་གྱིས་ཀྱང་རིན་གོང་གཅིག་མཚུངས་ལྟར་ཨ་མི་རི་ཀ་ནས་འཐབ་འཛིང་གནམ་གྲུ་ཉོ་ཐབས་བྱེད་བཞིན་ཡོད་ཅེས་བཀྲལ། ད་ལྟ་ཐེ་ཝན་གཞུང་གིས་ཉོ་ཐབས་བྱེད་བཞིན་པའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེའི་རེ་ཌར་འཕྲུལ་ཆས་དང་འཚོལ་ཞིབ་འཕྲུལ་ཆས་རྣམས་ཡར་རྒྱས་བཏང་སྟེ་དམིགས་འབེན་འགའ་ཞིག་ལ་དུས་གཅིག་ཏུ་གཏོར་རྒོལ་བྱེད་ཐུབ་པའི་མཐུན་རྐྱེན་ཚང་ཡོད་ཅིང་། གལ་སྲིད་ཨ་རིའི་གཞུང་དང་རྒྱལ་ཡོངས་གྲོས་ཚོགས་གཉིས་ཀས་ཐེ་ཝན་གྱི་འབོད་སྐུལ་ལྟར་མཚོ་གླིང་དེའི་བདེ་འཇགས་སྲུང་སྐྱོབ་དོན་དུ་འཐབ་འཛིང་གནམ་གྲུ་བཙོངས་པའི་དབང་དུ་བཏང་རུང་༢༠༢༡་ཡས་མས་སུ་མ་གཏོགས་དམག་གི་གནམ་གྲུ་དེ་རྣམས་ཐེ་ཝན་ལ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་། ད་ལྟ་བཟོ་བཞིན་པའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་རྒྱལ་ཁབ་གཞན་ལ་བཙོངས་ཟིན་ཡོད་པ་རེད།།
༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་ཀྱང་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་བཅའ་ཁྲིམས་གཏན་ལ་ཕབ། ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་འཛིན་རྒྱུ་དང་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་རྣམས་ཨ་མི་རི་ཀས་བཙོང་རྒྱུ། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་ན་ཨ་མི་རི་ཀས་ཐེ་ཝན་མཚོ་འགག་གི་དམག་འཁྲུག་ལ་བར་འགོག་བྱ་དགོས་པའི་ཐག་བཅད། ཨ་རིའི་སྲིད་འཛིན་འཇོར་ཇི་བྷུ་ཤི་བགྲེས་པའི་དུས་སུ་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༥༠་ལྷག་བཙོངས་ནས་བཟུང་། ད་ལྟ་བར་དུ་ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་བཙོངས་མེད་པ་དང་། ཨ་མི་རི་ཀས་ཐེ་ཝན་ལ་དམག་དོན་མཚོན་ཆ་གང་འདྲ་ཞིག་བཙོངས་ཀྱང་རྒྱ་ནག་གིས་དེ་ལ་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་རེད།།