ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཉིང་ཁྲིའི་ཁུལ་དུ་ཕག་ནད་ཁྱབ་གདལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་སྤྱི་ཟླ་༤་པའི་ཚེས་༧་ཉིན་ཤེས་རྟོགས་བྱུང་བ་ལྟར་ན་བོད་ཀྱི་ས་ཁུལ་ཉིང་ཁྲི་དང་ཀོང་པོའི་ཁུལ་དུ་ཨ་ཧྥི་རི་ཀའི་ཕག་པའི་རིམས་ནད་འགོས་ཁྱབ་བྱུང་། རྒྱ་ནག་གི་ཞིང་ལས་དང་ཞིང་པའི་ལས་དོན་ལྷན་ཁང་གིས་ཤེས་རྟོགས་བྱུང་ཟིན་པའི་ཕག་པའི་རིམས་ནད་འགོས་ཁྱབ་འབྱུང་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཉིང་ཁྲི་ས་ཁུལ་གྱི་ཉིང་ཁྲི་གྲོང་ཁྱེར་དང་ཀོང་པོ་རྒྱ་མདའ་རྫོང་། སྤོ་བོ་རྫོང་བཅས་ཡིན་ཞེས་བསྒྲགས། འདི་ནི་རྒྱ་ནག་གཞུང་གི་སྲོག་ཆགས་གྱི་འཕྲོད་བསྟེན་དང་རིམས་ནད་ཚན་པའི་བརྟག་དཔྱད་བྱས་ཏེ་ཐག་བཅད་པ་ཞིག་ཡིན་པ་དང་བོད་ཀྱི་ས་ཁུལ་དེ་དག་ཏུ་ཕག་པའི་རིམས་ནད་འགོས་ནས་ཕག་པ་༥༥་ཤི་ཡོད་པའི་གནས་ཚུལ་སྤེལ། རྒྱ་ནག་གཞུང་གིས་ཕག་པའི་རིམས་ནད་དེ་རྒྱ་ནག་གི་ཧེ་ནན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་ལྷོ་རྒྱ་མཚོའི་སྟེང་གི་ཧེ་ནན་གླིང་ཕྲན་མ་གཏོགས་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོགས་ས་ཁུལ་ཆེན་པོ་༣༡་ལ་བཅད་བགོས་བྱས་ཡོད་པ་ཡོངས་སུ་ཕག་པའི་རིམས་ནད་ཁྱབ་འདུག་ཅེས་བསྒྲགས།།

ཉིང་ཁྲི་ས་ཁུལ་དུ་ཕག་པའི་རིམས་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐོན་མ་ཐག་ཏུ་རིམས་ནད་འགོས་ཁྱབ་བྱུང་སའི་ས་གནས་བྱེ་བྲག་པ་དེ་དག་གི་གི་ཕག་གསོ་ཁང་སོགས་ནས་ཕག་པ་སྐྱེལ་འདྲེན་བྱ་རྒྱུ་བཀག་སྡོམ་དང་དུག་སེལ་གཙང་བཟོ། རིམས་ནད་འགོས་ཁྱབ་མི་འབྱུང་བའི་ཆེད་དུ་རིམས་ནད་ཅན་གྱི་ཕག་པ་རྣམས་བསད་ནས་མེད་པར་བཏང་ཡོད་ཅེས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་སྤེལ་འདུག བོད་ཀྱི་ས་ཁུལ་དུ་ཕག་པའི་རིམས་ནད་བྱུང་བའི་ཉིན་གསུམ་གྱི་སྔོན་ཏག་ཏག་དེར་ཞིན་ཅང་གི་ས་གནས་ཁག་ཏུའང་ཕག་པའི་རིམས་ནད་བྱུང་ཡོད་པ་ཐེངས་དང་པོར་ཤེས་རྟོགས་བྱུང་ཞིང་། རྒྱ་ནག་ལ་ཕག་ནད་འདི་བྱུང་ཡོད་པ་ཐོག་མར་སྤྱི་ལོ་༢༠༡༨་ལོའི་ཟླ་བ་༨་པའི་ཚེས་༣་ཉིན་ངོས་འཛིན་ཐུབ། ཕག་ནད་འདི་འགོས་ཁྱབ་བྱུང་སའི་ས་གནས་ཐོག་མ་ནི་རྒྱ་ནག་ལེའོ་ཉིན་ཞིང་ཆེན་གྱི་ཧྲིན་དབྱང་ས་ཁུལ་ཡིན་པ་དང་། ཕག་ནད་འདི་བྱུང་ནས་དུས་ཡུན་ཟླ་བ་༨་ཀྱི་ནང་དུ་ཧེ་ནན་གླིང་ཕྲན་ཕུད་པའི་རྒྱ་ནག་གི་ས་ཁུལ་ཡོངས་སུ་འགོས་ཁྱབ་བྱུང་ཡོད་པ་རེད།།

རྒྱ་ནག་ལ་ཕག་པའི་རིམས་ནད་བྱུང་བའི་སྟབས་ཀྱིས་ཕག་ཤའི་ཚོང་ལས་གཉེར་མཁན་ཚོའི་དཔལ་འབྱོར་གྱི་ཡོང་འབབ་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པར་མ་ཟད། ཕག་པ་སྐྱེལ་འདྲེན་སོགས་ལ་དཀའ་ངལ་འཕྲད་ཡོད་པས་ཁྲོམ་རའི་ནང་དུ་ཕག་ཤའི་དགོས་མཁོ་སྐོང་མ་ཐུབ་པ་དང་ཕག་ཤའི་རིན་གོང་འཕར་ཡོད་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། རྒྱ་ནག་ལ་མཚོན་ན་འཛམ་གླིང་སྟེང་གི་ཕག་ཤ་ཐོན་སྐྱེད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པའི་སྟབས་ཀྱིས་ཕག་པའི་རིམས་ནད་ཀྱིས་དཔལ་འབྱོར་ལ་གྱོང་གུད་ཧ་ཅང་ཆེན་པོ་ཐེབས། རྒྱ་ནག་གི་ཕག་ཤ་ཕྱིར་ཚོང་བྱ་ཡུལ་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་ལ་ཕག་ནད་འགོས་ཁྱབ་བྱུང་བར་སྟངས་འཛིན་ནན་པོ་བྱ་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད། དེ་བཞིན་ཐེངས་འདིར་ཕག་ནད་འགོས་ཁྱབ་བྱུང་སའི་བོད་ཀྱི་ས་ཁུལ་ཉིང་ཁྲི་ལ་མཚོན་ན་ཀོང་པོའི་ཕག་ཤ་ཞེས་མིང་གྲགས་ཆེན་པོ་ཡོད་པས་ས་གནས་མི་མང་གི་ཕག་པ་གསོ་གཉེར་ལ་དཀའ་ངལ་འཕྲད། ད་དུང་མི་དམངས་ཀྱི་དཔལ་འབྱོར་ཡོང་འབབ་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཨ་ཧྥི་རི་ཀའི་ཕག་པའི་རིམས་ནད་ནི་ཐོག་མར་༡༩༢༡་ལོར་ཧྥི་གླིང་རྒྱལ་ཁབ་ཁེ་ཎི་ཡ་ནས་བྱུང་སྟེ་༡༩༥༧་ནས་བཟུང་སྟེ་ཡུ་རོབ་རྒྱལ་ཁབ་ཕོར་ཆུ་གྷལ་ལ་ཁྱབ། དེ་ནས་རིམ་བཞིན་ཧྥ་རན་སི་དང་བྷེལ་ཇེམ་སོགས་སུ་ཁྱབ། ༡༩༧༡་ལོར་ཀུ་པ་རྒྱལ་ཁབ་དུ་ཕག་ནད་བྱུང་སྟེ་ཕག་པ་༥༠༠༠༠༠་ལྷག་འགོས་ནད་འགོག་པར་གསོད་དགོས་བྱུང་ཡོད། གཞན་ཡང་ཨུ་རུ་སུ་དང་རྒྱ་ནག་སོགས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ཕག་པའི་རིམས་ནད་འགོས་ཁྱབ་བྱུང་སྟེ་ཕག་པར་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན་ཕག་པའི་རིམས་ནད་ནི་གསོ་ཕོག་དང་རི་ཕག་སོགས་ཕག་པའི་རིགས་ལ་མ་གཏོགས་མི་ལ་མི་འགོས། ཐ་ན་སྒོ་ཕྱུགས་སེམས་ཅན་སོགས་ལའང་འགོས་ཁྱབ་བྱེད་མི་ཐུབ་ཅེས་བསྒྲགས་སོ།།

XS
SM
MD
LG