ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་ཆོས་དད་རང་དབང་བགྲོ་གླེང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་ཨ་རིའི་གྲོས་ཚོགས་སུ་སྤེལ་བའི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩོད་ལེན་གྱི་ཚོགས་འདུའི་སྟེང་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཨ་རིའི་དམིགས་བསལ་སྐུ་ཚབ་སེམ་བྷུ་རོང་བྷེ་ཀེས་གཏམ་བཤད་བྱས་པ་ལྟར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་དམ་དྲག་བྱེད་སྟངས་ནི་འགྲོ་བ་མིའི་ཆོས་དད་ལ་རྒོལ་འཛིང་བྱས་པ་ཞིག་ཡིན་ཞིང་། མ་འོངས་པར་རྒྱ་ནག་ངེས་པར་དུ་ཕམ་ཉེས་འབྱུང་སྲིད་ཅེས་བཤད། ཚོགས་འདུ་འདི་ནི་ཉེ་ཆར་སྤྱི་ཟླ་༤་པའི་ཚེས་༡་ཉིན་ཨ་རིའི་ཨད་ཧྭ་མད་དི་ཡ་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པའི་ཚོགས་པ་དང་ཨ་རིའི་གྲོས་ཚོགས་ཀྱི་ཨད་ཧྭ་མད་དི་ཡ་ཁ་ཆེའི་འབྲེལ་མཐུད་ཚོགས་པ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བསྐོངས་འདུག

ཚོགས་འདུ་འདི་ཚོགས་ནས་ཨ་རིའི་གྲོས་ཚོགས་དང་ཨ་རིའི་སྲིད་གཞུང་ལ་རྒྱལ་སྤྱིའི་ཆོས་དད་རང་དབང་དང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུའི་འབོད་སྐུལ་ཞུས། ཚོགས་འདུ་དེར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཨ་རིའི་དམིགས་བསལ་སྐུ་ཚབ་དང་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་རྣམས་མཉམ་ཞུགས་ཀྱིས་རྒྱ་ནག་གི་ཆོས་ལུགས་དད་མོས་ཀྱི་གནས་སྟངས་སྤྱི་དང་། ཁྱད་པར་དུ་ཞིན་ཅང་གི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་པོ་རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་བཞིན་པར་བགྲོ་གླེང་བྱུང་ཡོད། ཚོགས་འདུ་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཨ་རིའི་གྲོས་ཚོགས་ཀྱི་ཨད་ཧྭ་མད་དི་ཡ་ཁ་ཆེའི་འབྲེལ་མཐུད་ཚོགས་པའི་འགན་འཛིན་སི་ཕི་ཨར་བཅས་མཉམ་ཞུགས་བྱས་འདུག ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ད་སྔ་ཨ་མི་རི་ཀས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུར་སྐུལ་འདེད་བྱས་པ་འདང་གི་མི་འདུག འདི་ནི་ཨ་རིའི་གཞུང་གི་ཆེས་མཐོའི་འགོ་ཁྲིད་ཚོས་ཐུགས་ཁུར་བཞེས་ནས་ཐག་གཅོད་བྱ་འོས་པ་ཞིག་ཡིན། ང་ཚོས་རྒྱ་ནག་གི་ཡུ་གུར་བའི་བདེ་སྡུག་ལ་འགན་འཁྲི་ལེན་ཐུབ་ཀྱི་མི་འདུག ང་ཚོས་སྐད་གསེང་མཐོན་པོས་རྒྱ་ནག་གི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་དེ་བཀག་འགོག་བྱ་དགོས་པའི་དུས་ལ་བབས་ཡོད་པ་ཤོད་ཀྱིན་ཡོད་ཅེས་བརྗོད་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཀྱིས་ཉེ་ཆར་རྒྱ་ནག་གཞུང་ལ་ཞིན་ཅང་གི་སྟེང་དུ་འཛིན་བཞིན་པའི་དམ་དྲག་གི་སྲིད་ཇུས་དེ་ཉིད་མཚམས་བཞག་ནས་མི་ལ་རང་དབང་གི་སྒོི་ནས་ཆོས་ལུགས་དད་མོས་བྱེད་དུ་འཇུག་དགོས་ཞེས་འབོད་སྐུལ་ཞུས་ཡོད། ངས་ཅིའི་ཕྱིར་རྒྱ་ནག་གཞུང་གིས་འདི་ལྟར་དོགས་ཟོན་དང་འཇིགས་སྣང་བྱེད་ཀྱི་ཡོད་པ། ཐ་ན་ཡུ་གུར་བ་ཚོར་རང་གི་བུ་ཕྲུག་གི་མིང་ལ་མོ་ཧ་མེ་ཐེ་སོགས་འདོགས་མི་ཆོག་པའི་བཀག་སྡོམ་བྱེད་ཡོད་པར་མ་ཟད། མི་མང་པོ་གང་བྱུང་དུ་བཀག་ཉར་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མི་འདུག ཁོ་ཚོས་ཡེ་ཤུའི་གསུང་རབ་ལའང་དོགས་ཟོན་བྱས་ནས་རྒྱ་ནག་ཏུ་ཡེ་ཤུའི་གསུང་རབ་འགྲེམ་ཚོང་དང་དར་སྤེལ་བྱ་རྒྱུར་བཀག་འགོག་བྱས་འདུག ད་ལྟ་འཛམ་གླིང་གི་སྣེ་ཁྲིད་པ་བྱ་རྒྱུར་འབད་བརྩོན་བྱེད་བཞིན་པའི་རྒྱལ་ཁབ་ཅིག་གི་ངོས་ནས་རང་གི་མི་དམངས་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྩིས་མེད་གཏོང་ཐབས་བྱེད་བཞིན་པ་ནི་བློ་ཡུལ་ལས་འགོངས་པ་ཞིག་རེད་ཅེས་བཤད་འདུག

བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མི་སྣས་བརྗོད་པ་ལྟར་ན་རྒྱ་ནག་གཞུང་གིས་མ་འོངས་པར་ཨ་རིའི་སྤྱི་དམངས་ཡིན་པ་དང་ཨ་རིར་གཏན་སྡོད་པ་ཡིན་པ་རྣམས་ཀྱང་བཀག་ཉར་ཁང་དུ་འཇུག་སྲིད་པའི་ཉེན་ཁ་འདུག་ཅེས་བཤད། ཐེངས་འདིར་ཨ་རིའི་ཨད་ཧྭ་མད་དི་ཡ་ཚོགས་པས་སྤེལ་བའི་ལས་འགུལ་འདི་ལོ་རེར་ཐེངས་གཅིག་རེར་སྤེོལ་ནས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་གནས་སྟངས་ངོ་སྤྲོད་བྱེད་ཀྱི་ཡོད་ཅིང་། ད་ལོར་ཨ་རིའི་མངའ་སྡེ་༣༠་སོ་གྲངས་ནས་དང་བླངས་པ་དང་ཡུ་གུར་བ་༡༢༥་ལྷག་མཉམ་ཞུགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་༢༠༠་ལྷག་གི་ལས་ཁུངས་སུ་བཅར་ནས་ད་ལྟའི་ཞིན་ཅང་གི་གནས་སྟངས་ངོ་སྤྲོད་ཞུས་འདུག

XS
SM
MD
LG