ངོ་འཕྲད་བདེ་བའི་དྲ་འབྲེལ།

འཕྲུལ་རིག་སློབ་ཆེན་གྱིས་ཧྭ་ཝེ་དང་ཀྲུང་ཞཱིང་ལ་འབྲེལ་བ་བཅད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འཛམ་གླིང་འདིར་ཡོངས་སུ་གྲགས་པའི་ཨ་མི་རི་ཀའི་མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གཉིས་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་འཇོག རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་ནས་དཔལ་འབྱོར་གྱི་འགྲོ་གྲོན་རོགས་རམ་ལེན་གྱི་ཡོད་པ་མཚམས་འཇོག ད་ནས་བཟུང་སྟེ་མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་ནས་དཔལ་འབྱོར་འགྲོ་གྲོན་ལེན་རྒྱུ་མིན་པའི་ཐག་བཅད་ཡོད་ཅིང་། མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བརྡ་འཕྲིན་བཟོ་ཚོང་ཁང་ལ་འབྲེལ་བ་གཅོད་དགོས་དོན་ནི་ཨ་རིའི་དབུས་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པར་ཐུག་ཡོད་ཅེས་རྒྱུ་མཚན་བགྲངས།།

མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོ་ནི་༢༠༡༩་ལོར་འཛམ་གླིང་གི་སློབ་ཆེན་རྩེ་ཕུད་ཨང་གསུམ་པ་ཡིན་ཞིང་། ད་དུང་ཨ་རིའི་སི་ཊན་ཧྥོར་ཌི་སློབ་གྲྭ་ཆེན་མོ་དང་ཁེ་ལི་ཧྥོ་ཎི་ཡ་སློབ་གྲྭ་ཆེན་མོའི་བྷར་ཁེ་ལེའི་སློབ་གླིང་། མི་ཎི་སོ་ཊ་སློབ་ཆེན་བཅས་ཀྱིས་ཀྱང་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བརྡ་འཕྲིན་བཟོ་ཚོང་ཁང་གཉིས་ལ་མཉམ་འབྲེལ་ཞིབ་འཇུག་གམ། ཡང་ན་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་ནས་འགྲོ་གྲོན་རོགས་དངུལ་ལེན་རྒྱུ་མིན་པའི་ཐག་བཅད་འདུག དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་ལ་དོགས་ཟོན་བྱེད་ཀྱི་ཡོད་པ་དེའི་ཐོག་ཏུ་ཨ་མི་རི་ཀའི་སློབ་ཆེན་རྩེ་ཕུད་ཁག་གིས་ཀྱང་མཉམ་འབྲེལ་ཞིབ་འཇུག་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་ཀྱི་ཡོད་པ་རེད།།

ཕྱི་ཟླ་༤་ཚེས་༣་ཉིན་མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་ཆེན་གྱི་མཛད་གཙོ་རྣམ་པས་ཨ་རིའི་དབུས་གཞུང་གིས་ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གཉིས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་གིས་ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་འཛིན་གྱི་ཡོད་པ་བཅས་ལ་ཞིབ་འཇུག་གཟབ་ནན་བྱས་པ་ཡིན། ད་ནས་བཟུང་སྟེ་མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བརྡ་འཕྲིན་ཚོང་ཁང་། བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་གི་ཡན་ལག་བཅས་ལའང་འབྲེལ་བ་གསར་པ་འཛུགས་རྒྱུ་མིན། ད་ལྟ་མཉམ་འབྲེལ་ཞིབ་འཇུག་དང་འགྲོ་གྲོན་གྱི་འབྲེལ་བ་ཡོད་པ་རྣམས་ཀྱང་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བསྒྲགས། མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བརྡ་འཕྲིན་བཟོ་ཚོང་ཁང་གཉིས་ལ་འབྲེལ་བ་བཅད་པ་ནི་བསྐྱར་ཞིབ་ཆེན་པོ་ཞིག་གི་ཆ་ཤས་སུ་གྱུར་ཡོད་པ་སྟེ། ཨ་རིའི་འཕྲུལ་རིག་སློབ་ཆེན་དེས་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་། ཨུ་རུ་སུ་དང་སོ་ཌི་ཨ་རེ་བྷི་ཡ་སོགས་ལ་འབྲེལ་བ་ཚུགས་ཡོད་པ་དེ་ལའང་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་རེད།།

ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེང་ཝན་ཀྲུག་ཨ་མི་རི་ཀའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་བཟུང་། ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱས་པ་དང་ཁྲིམས་འགལ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱས་པའི་ནག་ཉེས་བཙུགས་ཡོད་པར་མ་ཟད། སྔ་ལོ་ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་ལ་ལོ་༧་གྱི་ཚོང་འབྲེལ་གཅོད་དགོས། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་ལ་དགོས་ངེས་ཀྱི་ལྷུ་ལག་རྣམས་བཙོང་མི་ཆོག ཀྲུང་ཞིང་ཁ་པར་བཟོ་ཚོང་ཁང་གིས་ཨི་རན་ལ་ཁ་པར་ཕྱིར་ཚོང་བྱས་ནས་ཚོང་ལས་ཀྱི་གན་རྒྱ་ཁག་ལ་འཛོལ་བྱུང་སོང་ཞེས་ནག་ཉེས་བཙུགས། དེར་བརྟེན་རྒྱ་ནག་གི་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་ལ་ཨ་སྒོར་དུང་ཕྱུར་༡༠་ཐམ་པའི་ཆད་པ་འཇལ་བ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ཁང་གིས་ལས་སྣེ་ཁག་ཅིག་གནས་དབྱུང་བཏང་སྟེ་ཤུའི་ཙི་དབྱང་ཁ་པར་བཟོ་ཚོང་ཁང་དེའི་འགོ་ཁྲིད་གསར་པར་བསྐོས།།

ཨ་རིའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་འདུག ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱས་ན་རྒྱ་ནག་གི་གསང་བའི་ལས་ཁང་གིས་རྒྱལ་ཁབ་གཞན་གྱི་སྤྱི་སྒེར་མང་པོ་ཞིག་གི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཐུབ། ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་འཕྲུལ་རིག་སློབ་ཆེན་ཁག་ལ་འགྲོ་གྲོན་རོགས་རམ་སྤྲད་ནས་མཉམ་འབྲེལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱེད་པའི་ཆེད་དུ་རེད་ཅེས་དོགས་སློང་བྱས་པས་ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱིས་རང་གི་སློབ་ཆེན་ཁག་ལ་སྲུང་སྐྱོབ་བྱ་དགོས་ཞེས་གྲོས་གཞི་བཏོན། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་རང་བྱུང་ནུས་ཤུགས་ལྷན་ཁང་། ཨ་རིའི་གསང་བའི་ལས་ཁང་བཅས་ཀྱིས་འགྲོ་གྲོན་བཏང་ནས་དམག་དོན་དང་རང་བྱུང་ནུས་ཤུགས་གསར་གཏོད་བཅས་ལ་ཞིབ་འཇུག་བྱེད་པའི་ལས་དོན་ལ་ཁག་རྒྱལ་ཁབ་གཞན་པ་འབྲེལ་བ་ཡོད་མེད། ཨ་རིའི་ཤེས་རིག་ལྷན་ཁང་གིས་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ནས་དེ་ལ་ཞིབ་འཇུག་བྱ་དགོས་པའི་ཁྲིམས་ཡིག་གཏན་ལ་ཕབ།།

ཨ་རིའི་ཤེས་རིག་ལྷན་ཁང་གིས་བསྐོ་འཛུགས་བྱས་པའི་དམིགས་བསལ་ཚོགས་ཆུང་གིས་ཨ་རིའི་དབུས་གཞུང་གིས་འགྲོ་གྲོན་བཏང་བའི་ཞིབ་འཇུག་ལས་འཆར་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པའི་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོར་ཞིབ་འཇུག་བྱ་རྒྱུ། སྔོན་ཆད་རྒྱ་ནག་གི་སྤྱི་དམངས་ཡིན་རུང་ད་ལྟ་མིན་པ་དང་། དེང་སྐབས་རྒྱ་ནག་གི་སྤྱི་དམངས་ཡིན་བཞིན་པའི་སློབ་ཕྲུག་ཚོ་ཨ་མི་རི་ཀའི་དབུས་གཞུང་གིས་འགྲོ་གྲོན་བཏང་བའི་ཞིབ་འཇུག་ལས་དོན་ཁག་ལ་མཉམ་ཞུགས་བྱེད་མི་ཆོག་པ། གལ་སྲིད་ཁོ་ཚོ་ཞིབ་འཇུག་ལས་དོན་དེར་མཉམ་ཞུགས་བྱས་ནས་སློབ་སྦྱོང་བྱ་དགོས་ན་ཨ་རིའི་གསང་བའི་ལས་ཁང་གི་ཆོག་མཆན་འཐོབ་དགོས་པའི་ཐག་བཅད། རྒྱ་ནག་གི་སློབ་ཕྲུག་མང་པོ་ཞིག་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་དང་ཚན་རིག་ཞིབ་འཇུག་ཁང་སོགས་རྒྱ་ནག་གཞུང་གིས་བཏང་བའི་གསང་ཉུལ་བ་ཡིན་པ་དང་ཁོ་ཚོ་ཨ་མི་རི་ཀའི་སློབ་ཆེན་ཁག་ལ་མཉམ་ཞུགས་བྱས་ནས་ཨ་མི་རི་ཀའི་ཚན་རིག་དང་ཤེས་བྱ་གསར་པ། འཕྲུལ་རིག་ལག་རྩལ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཕོག་གི་ཡོད་པ་རེད།།

XS
SM
MD
LG