ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༣/༢༣

སྟོད་མངའ་རིས་ལ་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་མཐོ་རིམ་གཞུང་འབྲེལ་དཔོན་རིགས་ཤིག་གིས་གཟའ་མིག་དམར་གྱི་ཉིན་བཤད་པ་ལྟར་ན་རྒྱ་གར་བ་སོགས་ཚུད་པའི་ཕྱི་རྒྱལ་གྱི་ལྟ་སྐོར་བ་རྣམས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་བཅས་བོད་ཀྱི་ས་ཁུལ་ཁག་ཏུ་ལྟ་སྐོར་ལ་བདེ་བླག་ངང་དུ་འགྲོ་ཐུབ་རྒྱུར་རྒྱ་ནག་གིས་སྟོད་མངའ་རིས་ལ་རྒྱལ་སྤྱིའི་གནམ་ཐང་ཞིག་རྒྱ་སྐྱེད་བཏང་ནས་འཛུགས་སྐྲུན་འཆར་ཡོད་ཅེས་བཤད།།

སྟོད་མངའ་རིས་རྫོང་གི་རྫོང་དཔོན་གཞོན་པ་གེ་ཆིང་མིན་གྱིས་གསར་འགོད་པ་ཚོར་གཏམ་བཤད་བྱས་དོན། ང་ཚོས་སྟོད་མངའ་རིས་ཁུལ་གྱི་གནམ་ཐང་དེ་རྒྱལ་སྤྱིའི་གནམ་ཐང་ཞིག་ལ་བསྒྱུར་རྒྱུའི་འཆར་འགོད་བྱེད་ཀྱིན་ཡོད་ཀྱང་ད་དུང་འཆར་གཞི་དེ་གཞི་རྩའི་འཆར་འགོད་ཙམ་དུ་ཟད། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ལ་ལྟ་སྐོར་དང་གནས་མཇལ་ལ་འགྲོ་མཁན་ཚོར་གྲོས་མོལ་བྱེད་བཞིན་ཡོད། ལྟ་སྐོར་བ་དང་གནས་མཇལ་བ་ཚོས་གནས་ཆེན་དེ་ཚོར་ལྟ་སྐོར་དང་གནས་མཇལ་དུ་འགྲོ་བའི་དུས་སུ་རང་ལ་ཉམས་མྱོང་གང་བྱུང་བ་རྣམས་གསལ་སྟོན་བྱས་ནས་བསམ་འཆར་བཤད་དགོས། བོད་ཀྱི་གནས་ཆེན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་སྟོད་མངའ་རིས་ཕྱོགས་ཀྱི་ཆུན་ཤ་གནམ་ཐང་ནས་རྒྱང་ཚད་སྤྱི་ལེ་༢༠༠་ཡས་མས་ཤིག་གི་མཚམས་སུ་ཡོད། གནམ་ཐང་དེ་རྒྱལ་སྤྱིའི་གནམ་ཐང་ཞིག་ཏུ་བསྒྱུར་པ་ཡིན་ན་ཕྱི་རྒྱལ་གྱི་ལྟ་སྐོར་བ་དང་གནས་མཇལ་བ་ཚོ་ཡོང་བདེ་པོ་ཆགས་ཐུབ་ཅེས་བཤད། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རྒྱལ་ལས་དོན་ཁང་གི་འགོ་འཛིན་པདྨ་གཡང་འཛོམ་གྱིས་རྒྱ་གཞུང་གིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་ལྟ་སྐོར་དང་གནས་མཇལ་དུ་འགྲོ་རྒྱུ་སྟབས་བདེ་པོ་བཟོ་རྒྱུའི་ཐབས་ཤེས་བྱས་དང་བྱེད་མུས་ཡིན་ཞེས་བཤད་འདུག

རྒྱ་གར་གྱི་ལྟ་སྐོར་བ་དང་གནས་མཇལ་བ་ཚོ་ཕྱི་ཟླ་༧་པ་ནས་ཕྱི་ཟླ་༩་པའི་དབར་དུ་རྒྱ་གར་བྱང་ཕྱོགས་ཀྱི་ཨུཏྟར་ཁནྜ་མངའ་སྡེར་ཡོད་པའི་ལི་པུ་ལེགས་དང་འབྲས་ལྗོངས་ཀྱི་རྣ་ཐོས་ལ་བརྒྱུད་ནས་འགྲུལ་བཞུད་བྱས་ཏེ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་འགྲོ་ཡི་ཡོད་པ་རེད། གངས་རིན་པོ་ཆེ་ལ་གནས་མཇལ་དུ་ཕེབས་མཁན་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཆེན་མོའི་འཐུས་མི་ཟུར་པ་ཏ་རུན་ཝྭི་ཇེ་དང་རོགས་པ་ཚོ་གངས་རིན་པོ་ཆེར་ཕེབས་པའི་སྐབས་ཀྱི་ཉམས་མྱོང་རྣམས་གསུངས་ནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་རྒྱུད་དུ་མཐུན་རྐྱེན་ཅི་ཞིག་བསྐྲུན་དགོས་པའི་དགོངས་འཆར་ཕུལ་འདུག

སྐུ་ཞབས་ཝྭི་ཇེ་དང་རོགས་པ་ཚོས་གསུངས་པ་ལྟར་ན་ད་ལྟའི་ཆར་གནས་མཇལ་བ་ཚོ་མ་ཕམ་གཡུ་མཚོའི་ནང་དུ་འཛུལ་ཆོག་གི་མེད་ཅིང་། མཚོ་དེ་ཆོས་ཕྱོགས་ཀྱི་གནས་ཆེན་པོ་ཞིག་ཡིན་སྟབས་གནས་མཇལ་བ་ཚོ་མཚོ་ནང་དུ་འཛུལ་ཞུགས་ཆོག་པ་བཟོ་དགོས་ཀྱིན་འདུག་ཅེས་དགོངས་འཆར་ཕུལ་འདུག

XS
SM
MD
LG