ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བ་ཚོས་རང་མི་རྩད་གཅོད་མི་ཕོད་པ།


༄༅།། རང་གི་མཛའ་ཞིང་བརྩེ་བའི་གཉེན་ཚན་གང་ཞིག་ལ་ནག་ཉེས་མེད་པར་བཀག་ཉར་བྱས་པ་མིག་གིས་མཐོང་ན་བཟོད་པར་དཀའ་ཞིང་། ད་དུང་གཉེན་ཚན་དེ་ས་གནས་གང་དུ་བཀག་ཉར་བྱས་ཡོད་པའམ། ཡང་ན་ཁོ་པ་འཆི་གསོན་ཅི་ཡིན་ཤེས་རྟོགས་མི་ཐུབ་པ་ནི་དེ་བས་ཀྱང་བཟོད་གླགས་བྲལ། འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་བཙུགས་པའི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་དང་ཧ་ས་ཁ་བ། ཞིན་ཅང་གི་ཁ་ཆེ་མི་རིགས་གཞན་པ་བཅས་མི་གྲངས་ས་ཡ་༡་ལྷག་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་བཀག་ཉར་ཁང་དུ་ཚུད་པའི་ཞིན་ཅང་གི་ཡུ་གུར་བ་སོགས་ཀྱིས་རང་གི་ཕ་མ་བུ་ཕྲུག་དང་སྤུན་མཆེད་སོགས་གང་དུ་བཀག་ཉར་བྱེད་ཡོད་མེད། ཁོ་ཚོ་འཆི་གསོན་ཅི་ཡིན་ཤེས་རྟོགས་མི་ཐུབ་པའམ། ཡང་ན་ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་གཉེན་ཚན་རྣམས་རྩད་གཅོད་བྱེད་ཕོད་ཀྱི་མེད་པའི་ཡ་ང་བའི་གནས་སྟངས་དེ་རེད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྙན་ཐོ་བཏོན་འདུག

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཡུ་གུར་བ་ཚོས་རང་གི་གཉེན་ཚན་རྣམས་རྩད་གཅོད་བྱས་ཚེ། ཞིན་ཅང་ན་ལུས་ཡོད་པའི་གཉེན་ཚན་ཚོས་རྩད་གཅོད་བྱེད་དུ་འཇུག་གི་མེད་ཅིང་། ཁོ་ཚོར་རང་གི་གཉེན་ཚན་རྣམས་རྩད་གཅོད་བྱེད་འདོད་མེད་པ་ཞིག་མིན་པར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ན་ཡོད་པའི་གཉེན་ཚན་ལ་འབྲེལ་བ་བྱེད་ཀྱིན་འདུག་ཅེས་འཛིན་བཟུང་བྱས་ནས་བཀག་ཉར་ཁང་དུ་འཁྲིད་སྲིད་པའི་འཇིགས་སྣང་གིས་ཡིན་ཞིང་། ཨོ་གླིང་རྒྱལ་ཁབ་ཏུ་ཡོད་པའི་ཡུ་གུར་བ་ཨ་ལིམ་ཞེས་པ་ཞིག་གིས་ངའི་གཉེན་ཚན་རྣམས་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་དཀའ། ངས་རྒྱལ་སྤྱིའི་ཐོག་ཏུ་སྐད་མ་བརྒྱབ་པར་གར་སོང་ཆ་མེད་དུ་གྱུར་པའི་བཟའ་མི་དེ་རྣམས་རྩད་གཅོད་བྱ་ཐབས་མི་འདུག་ཅེས་བཤད། ༢༠༡༨་ལོར་ཨ་ལིམ་གྱི་ཕ་མ་གཉིས་དང་གཉེན་ཚན་གཞན་རྣམས་རྒྱ་ནག་གཞུང་གིས་བསམ་བློའི་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དུ་བཅུག་པ་དེ་ནས་བཟུང་སྟེ་གོ་ཐོས་ཅི་ཡང་མེད་པར་གྱུར། ཨོ་གླིང་རྒྱལ་ཁབ་དང་ཉི་ཧོང་། ནེའུ་ཛི་ལན་ཌི་སོགས་སུ་སྐྱབས་བཅོལ་ལ་སླེབས་ཡོད་པའི་ཡུ་གུར་བ་གཞན་ཚོ་ལའང་དཀའ་ངལ་འདྲ་མཚུངས་ཤིག་འཕྲད་བཞིན་འདུག

རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པའི་ཡུ་གུར་བ་ཚོར་སྐད་ཡིག་སློབ་ཁྲིད་དང་ལག་ཤེས་སློབ་སྦྱོང་སྤྲད་ནས་ལེགས་བཅོས་གཏོང་གི་ཡོད། ཁོ་ཚོ་བསྐྱར་དུ་སྤྱི་ཚོགས་ཀྱི་གྲས་སུ་ཚུད་ནས་འཚོ་བའི་མདུན་ལམ་བཟང་པོ་ཞིག་སྐྲུན་གྱི་ཡོད་ཅེས་བཀྲལ། རྒྱ་ནག་གཞུང་གིས་ལག་ཤེས་དང་སྐད་ཡིག་སློབ་གྲྭ་ཟེར་པ་དེ་རྣམས་དུས་ནམ་ཞིག་ནས་འགོ་ཚུགས་ཡོད་མེད་དང་བཀག་ཉར་ཁང་དེ་དག་གི་ནང་དུ་མི་ལ་མནར་གཅོད་ཇི་ལྟར་གཏོང་གི་ཡོད་མེད། བཀག་ཉར་ཁང་དེ་རྣམས་གང་དུ་ཡོད་མེད་སོགས་ཤེས་རྟོགས་དཀའ་བ་ཞིག་ཡིན་རུང་ཞིན་ཅང་གི་ཡུ་གུར་བ་རྣམས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་ཁང་དེ་དག་གི་ནང་དུ་ཚུད་པར་སྐྲག་སྣང་གིས་བླ་འཁྱེར་གྲབས་སུ་གྱུར། བཀག་ཉར་ཁང་དེ་དག་གི་ནང་ནས་གསོན་པོར་ཕྱི་ལ་ཐར་པའི་མི་ཚོས་རང་ལ་བཀག་ཉར་ཁང་དེ་དག་གི་ནང་དུ་ཅི་ཞིག་བྱུང་མིན་ཡང་འགྲེལ་བཤད་རྒྱག་ཕོད་ཀྱི་མེད་པ་ར་འཕྲོད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྙན་ཐོ་དེར་བཀོད།།

ཕྱི་ལོགས་ན་ཡོད་པའི་ཡུ་གུར་བ་ཁག་ཅིག་གིས་རང་གི་གཉེན་ཚན་རྣམས་རྩད་གཅོད་བྱ་རྒྱུ་མཚམས་བཞག འགའ་ཞིག་ལ་ཞིན་ཅང་ན་ལུས་ཡོད་པའི་གཉེན་ཚན་ཚོས་སྐད་འཕྲིན་དང་ཁ་པར་སོགས་ཀྱི་འབྲེལ་བ་བཅད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཞིན་ཅང་གི་ཡུ་གུར་བ་ཚོ་ལའང་ཉེན་ཀ་འཕྲད་ཀྱི་ཡོད་པ་སྟེ། རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་ནས་ཞིན་ཅང་གི་ཡུ་གུར་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་དུ་འཇུག་པ་དང་རྒྱ་ནག་ལ་ཕྱིར་སློག་བྱས་པའི་རྗེས་སུ་ཡུ་གུར་བ་དེ་རྣམས་འཛིན་བཟུང་བྱེད་ཀྱི་ཡོད་ཅིང་། དཔེར་ན་ཨ་རབ་ཨི་མཱི་རེ་ཌི་མཉམ་འབྲེལ་རྒྱལ་ཁབ་དང་ཨི་ཇེབ། ཐེ་ལན་ཌི་དང་པ་ཀི་སི་ཐན། སུད་ཌེན་དང་འཇར་མན་ཎི་སོགས་ཀྱིས་ཡུ་གུར་བ་མང་པོ་ཞིག་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་པས་ཡུ་གུར་བ་ཚོས་རང་ཉིད་གང་དུ་ཡོད་མེད་ཀྱང་གསལ་བོར་བཤད་མི་ཕོད། ཐ་ན་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་ཡུ་གུར་བ་ཚོས་ཧོང་ཀོང་དང་ཐེ་ཝན། རྒྱ་མི་རིགས་ཡིན་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལའང་དོགས་ཟོན་བྱས་ནས་ཡིད་མི་གཏོད་པ་དང་སེམས་གཏམ་དྲང་པོར་བཤད་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG