ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་འཁོར་སྐར་གཏོར་སྤྱད་འཕུར་མདེལ།


༄༅།། ཕྱི་ཟླ་༣་ཚེས་༢༧་ཉིན་སྲིད་བློན་མོ་དྷིས་རྒྱ་གར་གྱི་ཚན་རིག་པ་ཚོས་མེ་ཤུགས་འཕུར་མདེལ་བརྒྱབ་ནས་མཁའ་དབྱིངས་འོག་མའི་འཕུར་ལམ་དུ་སྐོར་སྐྱོད་བྱེད་བཞིན་པའི་རྒྱ་གར་གྱི་འཁོར་སྐར་རྙིང་པ་ཞིག་གཏོར་པ་ཡིན། ད་ནི་རྒྱ་གར་ཡང་འཛམ་གླིང་གི་མཁའ་དབྱིངས་སྟོབས་ཤུགས་བླ་ན་མེད་པའི་རྒྱལ་ཁབ་ཁག་གི་གྲས་སུ་ཚུད་ཡོད་ཅེས་བསྒྲགས། ད་སྔ་ཨ་མི་རི་ཀ་དང་ཨུ་རུ་སུ། རྒྱ་ནག་གསུམ་གྱིས་མཁའ་དབྱིངས་སུ་བཏང་བའི་རང་རང་གི་འཁོར་སྐོར་རྙིང་པ་རྣམས་མི་དགོས་པའི་དུས་སུ་འཕུར་མདེལ་བརྒྱབ་ནས་གཏོར་ཐུབ་ཀྱི་ཡོད་ཀྱང་རྒྱལ་ཁབ་གཞན་ཁག་གིས་དེ་ལྟར་བྱེད་ཐུབ་ཀྱི་མེད་ཅིང་། རྒྱ་གར་ནི་འཁོར་སྐར་གཏོར་ཐུབ་པའི་འཕུར་མདེལ་ཡོད་པའི་རྒྱལ་ཁབ་ཨང་བཞི་པ་དེར་གྱུར།།

རྒྱ་གར་གྱི་འཁོར་སྐར་གཏོར་ཐུབ་པའི་འཕུར་མདེལ་ཚོད་ལྟ་འདི་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་བྱེད་པར་བདུན་ཕྲག་འགའ་ཞིག་ལས་མེད་པའི་མཚམས་སུ་བྱུང་འདུག སྲིད་བློན་མོ་དྷིས་རྒྱ་གར་གྱི་ཚན་རིག་པ་ཚོས་མཁའ་དབྱིངས་འོག་མའི་འཕུར་ལམ་དུ་ཡོད་པའི་རྒྱ་གར་གྱི་འཁོར་སྐར་ཞིག་ལ་འཕུར་མདེལ་བརྒྱབ་ནས་གཏོར་པ་ཡིན། འདི་ནི་རྒྱ་གར་གྱི་ཚན་རིག་ལག་རྩལ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཞན་ཁག་གི་རྗེས་སུ་ཟིན་པའི་དན་རྟགས་ཡིན། རྒྱ་གར་གཞུང་དམངས་གཉིས་ཀ་སྤོབས་པ་བསྐྱེད་ཆོག་པའི་དུས་སྐབས་ཤིག་ཡིན་ཞེས་བསྔགས་པ་བརྗོད། ༢༠༡༦་གི་ལོ་མཇུག་ནས་དེ་རིང་ཕྱི་ཟླ་༣་ཚེས་༢༧་བར་དུ་སྲིད་བློན་མོ་དྷིས་རྒྱ་གར་རྒྱལ་ཡོངས་སུ་བརྙན་འཕྲིན་ཐོག་ཏུ་གནད་འགག་ཅན་གྱི་གཏམ་བཤད་འདི་འདྲ་ཞིག་བྱས་མྱོང་མེད་པ་རེད།།

སྲིད་བློན་མོ་དྷིས་གཏམ་བཤད་བྱས་པའི་སྐབས་སུ་རྒྱ་གར་ནི་མཁའ་དབྱིངས་དབང་སྒྱུར་གྱི་སྟོབས་ཆེན་རྒྱལ་ཁབ་ཁག་གི་གྲས་སུ་ཚུད་ཡོད། ད་སྔ་འདི་འདྲའི་གྲུབ་འབྲས་ཐོན་ཡོད་པའི་རྒྱལ་ཁབ་གསུམ་ལས་མེད། རྒྱ་གར་གྱི་འཕུར་མདེལ་ཡར་རྒྱས་ནི་ཞི་བའི་ལས་དོན་འབའ་ཞིག་གི་ཆེད་དུ་ཡིན་པ་ལས་དམག་འཁྲུག་སློང་བའམ། ཡང་ན་རྒྱལ་ཁབ་གཞན་ཞིག་དམིགས་འབེན་དུ་བཟུང་ཡོད་པ་ཞིག་མིན་ཅེས་བཀྲལ། ཡིན་ནའང་ཉམས་ཞིབ་པ་ཚོས་རྒྱ་གར་གྱི་ཚན་རིག་ལག་རྩལ་དང་དམག་དོན་འཕྲུལ་རིག་ལག་རྩལ་རྣམས་ཡར་རྒྱས་གཏོང་གི་ཡོད་པའི་མཐར་ཐུག་གི་དམིགས་ཡུལ་རྒྱ་ནག་ཡིན་པར་མ་ཟད། གཟའ་ལྷག་པའི་ཁྱབ་བསྒྲགས་འདི་༢༠༡༩་ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་ལ་འབྲེལ་བ་ཆགས་ཡོད། ཕྱི་ཟླ་༤་པའི་ཚེས་༡༡་ནས་རྒྱ་གར་མི་དམངས་དུང་ཕྱུར་༩་ལྷག་གིས་གཟའ་འཁོར་འགའ་ཞིག་གི་རིང་ལ་རིམ་པ་བཞིན་དུ་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་ཅིང་། སྲིད་བློན་མོ་དྷི་བསྐྱར་དུ་སྲིད་བློན་གྱི་འོས་མིར་ལང་གི་ཡོད་པས་བྷི་ཇེ་བྷི་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་པའི་ཆེད་དུ་རྒྱ་གར་གྱི་འཁོར་སྐར་རྙིང་པ་ཞིག་ལ་འཕུར་མདེལ་བརྒྱབ་ནས་གཏོར་ཐུབ་པའི་གྲུབ་འབྲས་རྣམས་ཕྱིར་བསྒྲགས་བྱས་པ་འདྲ་ཞེས་གླེང་།།

རྒྱ་གར་གྱི་བྷི་ཇེ་བྷི་སྲིད་དོན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ངེས་གཏན་མེད་པ་སྟེ། ཉེ་ཆར་ཕྱི་ཟླ་༢་ཚེས་༡༤་ཉིན་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་གི་རྒྱབ་སྐྱོར་འོག ཀ་ཤི་མིར་གྱི་དྲག་སྤྱོད་པ་ཞིག་གིས་རྒྱ་གར་གྱི་དམག་གི་རླངས་འཁོར་ཞིག་ལ་གཏོར་རྒོལ་བྱས་ནས་མི་༤༢་བསད། དེར་བརྟེན་རྒྱ་གར་མི་དམངས་ཀྱིས་སྲིད་བློན་མོ་དྷིའི་གཞུང་གིས་པ་ཀི་སི་ཐན་ལ་རྒོལ་ལན་སློག་དགོས། པ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་རྒྱབ་སྐྱོར་བྱས་ནས་ཉར་འཛིན་བྱེད་ཀྱིན་འདུག པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱ་གར་གྱིས་གཏོར་རྒོལ་བྱ་དགོས་ཞེས་གནོན་ཤུགས་སྤྲད། ཕྱི་ཟླ་པའི་ཚེས་༢༦་ཉིན་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་པ་དང་ཕྱི་ཉིན་དེར་པ་ཀི་སི་ཐན་གྱི་གནམ་དམག་གིས་རྒྱ་གར་ལ་རྒོལ་ལན་སློག རྒྱ་གར་དང་པ་ཀི་སི་ཐན་གྱི་གནམ་དམག་གིས་འཐབ་རྒོལ་བྱས་པའི་སྐབས་སུ་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་ཞིག་ལ་གཏོར་རྒོལ་ཕོག་ནས་རྒྱ་གར་གྱི་གནམ་དམག་ཁ་ལོ་བ་དེ་པ་ཀི་སི་ཐན་གྱིས་འཛིན་བཟུང་བྱས་ནས་དམག་འཁྲུག་གི་ཛ་དྲག་ཇེ་ཆེར་སོང་། ཡིན་ནའང་ཨ་མི་རི་ཀ་དང་མཉམ་འབྲེལ་རྒྱལ་ཚོགས། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་སོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་རྒྱ་གར་དང་པ་ཀི་སི་ཐན་གྱིས་དམག་འཁྲུག་རྒྱག་ཐུབ་མེད་ཀྱང་རྒྱ་གར་མི་དམངས་ཀྱིས་སྲིད་བློན་མོ་དྷིའི་གཞུང་གིས་པ་ཀི་སི་ཐན་ལ་རྒོལ་ལན་ནན་པོ་ཞིག་སློག་ཐུབ་མ་སོང་ཞེས་སྐྱོན་བརྗོད་བྱ་རྒྱུ་མཚམས་ཆད་མེད།།

རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱིས་འཕྲལ་དུ་རྒྱ་གར་གྱི་འཁོར་སྐར་གཏོར་སྤྱད་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་པར་གླེང་སློང་གང་ཡང་བྱས་མེད་ཅིང་། ལྡི་ལི་གསར་པའི་རྒྱ་གར་གྱི་སྲིད་ཇུས་ཉམས་ཞིབ་ཁང་གི་མཁས་པ་ཆཱེ་ལ་ནེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་ཨ་རི་དང་ཨུ་རུ་སུ། རྒྱ་ནག་གསུམ་ལ་འཁོར་སྐར་གཏོར་སྤྱད་འཕུར་མདེལ་ཡོད་པས་འཛམ་གླིང་གི་མཁའ་དབྱིངས་ཐམས་ཅད་དམག་ས་ཞིག་ཏུ་སྒྱུར་ཡོད་པ་དང་འཁོར་སྐར་གཏོར་སྤྱད་མཚོན་ཆ་གྲ་སྒྲིག་བྱ་རྒྱུ་དགོས་ངེས་སུ་གྱུར་འདུག རྒྱ་གར་གྱིས་རང་གི་འཁོར་སྐར་རྙིང་པ་ཞིག་ལ་མེ་ཤུགས་འཕུར་མདེལ་བརྒྱབ་ནས་གཏོར་ཐུབ་པ་ནི་རྒྱ་གར་གྱི་མཁའ་དབྱིངས་མཚོན་ཆ་ཡར་རྒྱས་ཕྱིན་པའི་གྲུབ་འབྲས་ཆེན་པོ་ཞིག་རེད་ཅེས་བཤད། རྒྱ་གར་གྱི་མཁའ་དབྱིངས་འཕྲུལ་རིག་ལག་རྩལ་དང་འཁོར་སྐར་གྱི་མ་ལག་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མཁའ་དབྱིངས་འཕྲུལ་རིག་ལག་རྩལ་དང་འཁོར་སྐར་གྱི་མ་ལག་ཁག་ལས་ཧ་ཅང་གི་རིན་གོང་ཆུང་བ་ཡོད་པས་རྒྱལ་ཁབ་མང་པོ་ཞིག་ལ་གདང་མ་གསར་པ་ཞིག་སྤྲོད་ཐུབ། གཟའ་ལྷག་པའི་ཉིན་གྱི་ཁྱབ་བསྒྲགས་སྐབས་སུ་སྲིད་བློན་མོ་དྷིས་རྒྱ་གར་གྱི་མཁའ་དབྱིངས་མཚོན་ཆ་རྣམས་རང་སྲུང་ཁོ་ནའི་ཆེད་དུ་ཡིན་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG