ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༢༥

རྒྱ་ནག་གི་ས་ཁྲའི་ནང་དུ་ཨ་རུ་ན་ཅལ་དང་ཐེ་ཝན་འགོད་དགོས་ཟེར།


༄༅།། ཨ་རུ་ན་ཅལ་རྒྱ་གར་གྱི་མངའ་ཁོངས་སུ་བཀོད་པ་དང་ཐེ་ཝན་ཡང་ལོགས་སུ་རྒྱལ་ཁབ་གཅིག་གི་ངོ་བོར་བཀོད་པའི་ས་ཁྲ་༣༠༠༠༠་ཡས་མས་ཤིག་རྒྱ་ནག་གིས་གཞུང་བཞེས་བཏང་ནས་རྩ་མེད་བཏང་སྟེ་ཨ་རུ་ན་ཅལ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་དང་ཐེ་ཝན་ཡང་རང་བཙན་རྒྱལ་ཁབ་གཅིག་ཡིན་པའི་ལྟ་ཚུལ་ལ་རྒྱ་ནག་གཞུང་གིས་འཐབ་རྒོལ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན། རྒྱ་ནག་གཞུང་གིས་དེང་སྐབས་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་ཡོད་ཨ་རུ་ན་ཅལ་མངའ་སྡེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆ་ཤས་ཤིག་ཡིན་པ་དང་ཐེ་ཝན་ཡང་རྒྱ་ནག་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། སྔ་གཞུག་མ་གཏོགས་ཐེ་ཝན་མཚོ་གླིང་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བདག་དབང་རྩོད་ཀྱི་ཡོད་པ་རེད།།

ཕྱི་ཟླ་༣་ཚེས་༢༥་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གི་ཨན་ཧུའི་ཞིང་ཆེན་གྱི་བཟོ་གྲྭ་ཞིག་ཏུ་ཨ་རུ་ན་ཅལ་རྒྱ་གར་གྱི་མངའ་ཁོངས་སུ་བཀོད་པ་དང་ཐེ་ཝན་ཡང་ལོགས་སུ་རང་བཙན་རྒྱལ་ཁབ་གཅིག་གི་ངོ་བོར་བཀོད་པའི་དབྱིན་ཡིག་གི་ས་ཁྲ་མང་པོ་ཞིག་དཔར་དུ་བསྐྲུན་མོད། འོན་ཀྱང་རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་གྱི་ཆིང་ཏའོ་གྲོང་ཁྱེར་གྱི་འགག་སྒོའི་ལས་སྣེ་ཚོར་གསང་བརྡ་འབྱོར་ནས་སྔོག་བཤེར་བྱས་པས་ཁྱོན་བསྡོམས་ཤོག་སྒོམ་༨༠༣་གྱི་ནང་དུ་འཛམ་གླིང་གི་དབྱིན་ཡིག་ས་ཁྲ་ནོར་འཁྲུལ་ཅན་༢༨༩༠༨་ཡོད་པ་ཞིག་རྙེད་སོན་བྱུང་སོང་། ཧྲན་ཏུང་ཞིན་ཆེན་གཞུང་གིས་ས་ཁྲ་དེ་རྣམས་གཞུང་བཞེས་བཏང་ནས་རྩ་མེད་བཏང་བ་ཡིན། འདི་ནི་ཉེ་བའི་ལོ་ཤས་ནང་དུ་ས་ཁྲ་ནོར་འཁྲུལ་ཅན་གཞུང་བཞེས་བྱས་པ་ཆེས་མང་ཤོས་ཡིན། ས་ཁྲ་དེ་རྣམས་གསང་བའི་ས་གནས་ཤིག་ཏུ་འཁྱེར་ནས་གཙབས་རལ་བྱས་པ་ཡིན། ས་ཁྲ་དེ་རྣམས་རྒྱ་ནག་གི་ཨན་ཧུའི་ཞིང་ཆེན་གྱི་བཟོ་གྲྭ་ཞིག་ཏུ་དཔར་སྐྲུན་བྱས་ནས་ངེས་བཟུང་མེད་པའི་རྒྱལ་ཁབ་ཅིག་ལ་ཕྱིར་འཐེན་བྱེད་ཀྱི་ཡོད་དང་ས་ཁྲ་དེ་དག་གི་ནོར་འཁྲུལ་ནི་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་ཐེ་ཝན་གཉིས་རྒྱ་ནག་གི་མངའ་ཁོངས་ཡིན་པ་གསལ་མི་འདུག ཆིང་ཏོའོ་གྲོང་ཁྱེར་གཞུང་གིས་ས་ཁྲ་དེ་ཚོར་ཞིབ་འཇུག་བྱས་ནས་ནོར་འཁྲུལ་ཡོད་པ་ངོས་བཟུང་བ་རེད་ཅེས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་རང་ཡུལ་གྱི་ས་ཁྲའི་ཚོང་ཁང་ཁག་ལའང་ཞིབ་འཇུག་ཐེངས་བརྒྱ་ལྷག་བྱས་ནས་ནོར་འཁྲུལ་ཅན་གྱི་ས་ཁྲ་༡༠༠༠༠་ལྷག་མེད་པར་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཚོང་འགྲེམ་བྱེད་མི་ཆོག་པའི་ཐག་གཅོད་བྱས་ཡོད་པ་སྟེ། རྒྱ་ནག་གི་རང་བྱུང་ཐོན་སྐྱེད་ལྷན་ཁང་གི་ས་ཁམས་བརྟག་དཔྱད་པ་ཟུར་པ་མ་ཝེ་ཞེས་པ་ཞིག་གིས་ས་ཁྲ་དེ་ཚོས་བདག་དབང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མཚོན་ཡོད། རྒྱ་ནག་གིས་ས་ཁྲའི་ཁྲོམ་ར་ཁག་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་ནི་ཐག་གཅོད་ཡང་དག་པ་ཞིག་ཡིན་ཞེས་བཤད་པར་མ་ཟད། རྒྱ་ནག་གི་ཕྱི་འབྲེལ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཁྲིམས་ལུགས་རིག་པའི་མཁས་པ་ལིའུ་ཝེན་ཙུང་ཞེས་པ་ཞིག་གིས་ཀྱང་ཐེ་ཝན་དང་བོད་ཀྱི་ལྷོ་ཕྱོགས་གཉིས་ཀ་རྒྱ་ནག་གི་མངའ་ཁོངས་ཡིན་པས་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་། འདི་ནི་རྒྱལ་སྤྱིའི་ཁྲིམས་ལ་མཐུན་ཡོད། གལ་སྲིད་ས་ཁྲ་ནོར་འཁྲུལ་ཅན་དེ་རྣམས་རྒྱལ་ཁབ་ཕྱི་ནང་གཉིས་སུ་འགྲེམ་སྤེལ་བྱེད་ན་ཕུགས་སུ་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གནོད་སྐྱོན་ཆེན་པོ་ཐེབས་ངེས་རེད་ཅེས་བཤད།།

རྒྱ་ནག་གཞུང་གིས་རྒྱ་གར་གྱི་སྲིད་བློན་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཨ་རུ་ན་ཅལ་མངའ་སྡེར་གཟིགས་ཞིབ་ཏུ་ཕེབས་ན་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ཨ་རུ་ན་ཅལ་མངའ་སྡེ་ཧྲིལ་བོ་བོད་རང་ལྗོངས་ཀྱི་མངའ་ཁོངས་ཡིན་པས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་ཅིང་། ༡༩༡༤་ལོར་རྒྱ་གར་ལ་དབང་སྒྱུར་བྱེད་མཁན་དབྱིན་ཇིའི་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་ཀྱིས་སིམ་ལར་ཆིངས་ཡིག་བཞག་ནས་མོན་རྟ་དབང་སོགས་བོད་ཀྱི་ས་ཆ་མང་པོ་ཞིག་ལ་རྒྱ་གར་ལ་སྤྲད། དེ་ནས་བཟུང་སྟེ་བོད་དང་རྒྱ་གར་གྱི་ས་མཚམས་ལ་ས་ཐིག་གསར་པ་ཞིག་འཐེན་པར་རྒྱལ་སྤྱིའི་ཐོག་ཏུ་མེཀ་མ་ཧོང་ས་ཐིག་ཅེས་གྲགས་ཀྱང་རྒྱ་ནག་གཞུང་གིས་དབྱིན་གཞུང་གི་སྐུ་ཚབ་སྐུ་ངོ་མེཀ་མ་ཧོང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བློན་ཆེན་བཤད་སྒྲ་གཉིས་ཀྱིས་མིང་རྟགས་བཀོད་པའི་བོད་དང་རྒྱ་གར་གྱི་ས་མཚམས་དེར་ངོས་ལེན་བྱས་མེད། ༢༠༡༧་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་མོན་རྟ་དབང་དུ་ཕེབས་པར་རྒྱ་ནག་གཞུང་གིས་རྒྱ་གར་ལ་ལན་པ་སློག་པའི་ཆེད་དུ་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཁག་༦་གི་ས་མིང་བསྒྱུར་ནས་རྒྱ་ནག་ལ་ས་མིང་དེ་དག་སྒྱུར་བཅོས་གཏོང་ཆོག་པའི་བདག་དབང་ཡོད་པ་བསྟན། སྐབས་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་གྱི་ས་མིང་བསྒྱུར་པ་ནི་རྒྱ་ནག་གི་ཁྲིམས་ལ་མཐུན་པ་དང་རྒྱ་ནག་ལ་མངའ་ཁོངས་དེའི་བདག་དབང་ཡོད་པ་བཅས་ལ་མཐུན་ཡོད། ས་མིང་བརྗེ་སྒྱུར་ནི་ས་གནས་ཀྱི་དངོས་ཡོད་གནས་སྟངས་ལ་མཐུན་པའི་སྒོ་ནས་ལག་ལེན་བསྟར་ཡོད། བོད་ཀྱི་ལྷོ་ཕྱོགས་ནི་མི་རིགས་དང་ས་ཁམས་ཆགས་སྟངས། རིག་གཞུང་དང་སྐད་ཡིག་སོགས་ཕྱོགས་ནས་བལྟས་ཀྱང་རྒྱ་ནག་ལ་མངའ་ཁུལ་དེའི་བདག་དབང་ཡོད་པ་ཁུངས་སྐྱེལ་བྱེད་ཐུབ་ཅེས་བཤད།།

སྔ་ལོ་རྒྱ་གར་གྱི་སྲིད་བློན་མོ་དྷི་མོན་ཡུལ་དུ་གཟིགས་ཞིབ་ལ་ཕེབས་པའི་སྐབས་སུའང་རྒྱ་ནག་གཞུང་གིས་ངོ་རྒོལ་དྲག་པོ་བྱས་ཡོད། དཔེར་ན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ང་ཚོས་རྒྱ་དཀར་ནག་གི་ས་མཚམས་ལ་ལངས་ཕྱོགས་གསལ་བོ་བཟུང་ཡོད། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ཟེར་པ་ཞིག་ནམ་ཡང་ཁས་ལེན་བྱས་མྱོང་མེད། སྲིད་བློན་མོ་དྷི་རྒྱ་དཀར་ནག་གི་ཤར་ཕྱོགས་ས་མཚམས་སུ་ཕེབས་པར་ངོ་རྒོལ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་དང་བཟོ་ཚོང་ལས་ཁང་ཁག་ལ་ཐེ་ཝན་རྒྱལ་ཁབ་གཅིག་གི་རེའུ་མིག་ནང་དུ་འཇུག་མི་ཆོག ཐེ་ཝན་ལ་རྒྱ་ནག་གི་ཐེ་ཝན་ཞེས་འགོད་དགོས་པའི་བཙན་བཀའ་གཏོང་གི་ཡོད་ཅིང་། རྒྱ་གར་མཁའ་ལམ་ལས་ཁུངས་ཚུད་པའི་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་༤༠་ཙམ་གྱིས་ཐེ་ཝན་ལ་རྒྱ་ནག་གི་ཐེ་ཝན་ཞེས་རེའུ་མིག་ནང་དུ་མིང་བསྒྱུར། ༢༠༡༨་ལོར་རྒྱལ་སྤྱིའི་མེ་རི་ཡེ་ཊི་མགྲོན་ཁང་ཆེན་མོའི་རེ་མིག་ནང་དུ་བོད་དང་ཐེ་ཝན། ཧོང་ཀོང་དང་ཨོ་མེན་རྣམས་རྒྱལ་ཁབ་ལོགས་སུ་ཡིན་པའི་རེའུ་མིག་ནང་དུ་བཀོད་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་མེ་རི་ཡེ་ཊི་མགྲོན་ཁང་གི་རྒྱ་ཡིག་དྲྭ་ཚིགས་རྒྱ་ནག་ཏུ་སྒོ་འབྱེད་མི་ཐུབ་པའི་བཀག་འགོག་བྱས་འདུག

XS
SM
MD
LG