ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡུ་རོབ་ཀྱིས་ཧྭ་ཝེའི་བརྡ་འཕྲིན་མ་ལག་བཀོལ་སྤྱོད་བྱ་རྒྱུ།


༄༅།། སྔ་ལོའི་དབྱར་དུས་ནས་ཨ་རིའི་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་འཕྲུལ་རིག་མ་ལག་རྣམས་ཡུ་རོབ་རྒྱལ་ཁབ་ཁག་གི་ཁ་པར་འབྲེལ་མཐུད་ལ་བཀོལ་སྤྱོད་མི་བྱེད་མི་ཉན། ཧྭ་ཝེ་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པས་བཟོ་ཚོང་ལས་ཁང་དེའི་བརྡ་འཕྲིན་ཐོན་རིམ་ལྔ་པ་ཡུ་རོབ་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཀ་ཡོད་ཅེས་སྐུལ་ལྕག་བཏང་ཞིང་། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཉི་ཧོང་དང་ཐེ་ཝན་སོགས་རྒྱལ་ཁབ་ཁག་ཅིག་གིས་ཨ་མི་རི་ཀའི་སྔོན་བརྡར་མཉན་ནས་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པ་རྒྱལ་ཁབ་དེ་དག་གིས་ཁ་པར་འབྲེལ་མཐུད་ནང་དུ་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཐག་བཅད། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཕོ་ཉ་མངགས་ནས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པར་དོགས་ཟོན་བྱ་དགོས། གལ་སྲིད་ཡུ་རོབ་རྒྱལ་ཁབ་ཁག་གིས་རང་རང་གི་ཁ་པར་འབྲེལ་མཐུད་ནང་དུ་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པའི་མ་ལག་རྣམས་བཀོལ་སྤྱོད་བྱས་ཚེ། ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་དེ་ཚོར་གསང་བའི་གནས་ཚུལ་རྣམས་སྔར་བཞིན་སྤྲོད་རེས་བྱ་རྒྱུ་འགག་སྲིད་ཅེས་བསྒྲགས།།

འཇན་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་ང་གནད་དོན་གཉིས་ལ་མོས་མཐུན་མེད། དང་པོ་ནི་ང་ཚོས་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡོངས་གྲགས་སུ་གླེང་དགོས་དོན་མི་འདུག གཉིས་པ་ནི་བཟོ་ཚོང་ལས་ཁང་ཞིག་རྒྱལ་ཁབ་གང་གི་ཡིན་པ་དེ་ལ་བལྟས་ནས་ཁོངས་སུ་མ་བཅུག་པར་འཇོག་དགོས་དོན་མི་འདུག་ཅེས་ཨ་རིའི་གཞུང་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་ལངས་ཕྱོགས་ལ་དགག་པ་བརྒྱབ། ཡུ་རོབ་རྒྱལ་ཁབ་ཁག་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་གི་འགལ་ཟླའི་བར་དུ་མ་ཚུད་པར་བཏང་སྙོམས་ཀྱི་ལངས་ཕྱོགས་ཤིག་འཛིན་ཐབས་བྱེད་ཀྱི་ཡོད་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་མང་དུ་འགྲོ་བཞིན་པ་བཀག་འགོག་བྱ་འདོད་ཡོད་དང་། ཡུ་རོབ་རྒྱལ་ཁབ་ཁག་དང་རྒྱ་ནག་གི་ཚོང་ལས་རྒྱ་སྐྱེད་གཏོང་ཐུབ་པའི་ཐབས་ལམ་ཞིག་རྙེད་དཀའ། གལ་སྲིད་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀར་བསྟུན་ན་རྒྱ་ནག་གི་ཁྲོམ་ར་དང་རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་གོ་སྐབས་འཆོར་ཉེན་ཆེ། གལ་སྲིད་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་བསྟུན་ན་ཨ་མི་རི་ཀར་ཡུན་རིང་ནས་དཔལ་འབྱོར་དང་ཚོང་ལས། དམག་དོན་དང་ཆབ་སྲིད། ཕྱི་འབྲེལ་དང་རིག་གཞུང་། སྤྱི་ཚོགས་ལམ་ལུགས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དེར་དོ་ཕོག་འགྲོ་ཉེན་ཆེ་བས་ཡུ་རོབ་རྒྱལ་ཁབ་དེ་དག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་།།

དབྱིན་ཇིའི་གསང་བའི་ལས་ཁང་གི་འགོ་ཁྲིད་ཀྱིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱ་རྒྱུ་འགོག་མི་ཐུབ། དབྱིན་ཇིའི་ཁ་པར་འབྲེལ་མཐུད་ལམ་ལུགས་ནང་དུ་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པ་མ་ཡིན་པའི་འཕྲུལ་རིག་གི་མ་ལག་གཞན་པ་བཀོལ་རྒྱུ་མེད་ཅེས་རྒྱུ་མཚན་བགྲངས། ཨི་ཊི་ལིའི་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་ཡར་རྒྱས་གཏོང་བའི་ཆེད་དུ་ཨ་མི་རི་ཀས་ཉེན་བརྡ་བཏང་བར་སྣང་མེད་དུ་བཞག འཇར་མན་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་བརྡ་འཕྲིན་ཐོན་རིམ་ལྔ་པའི་སྐུད་ལམ་བཙོངས་ནས་ཨ་སྒོར་དུང་ཕྱུར་༥༧་གྱི་ཁེ་སང་ལེན་རྒྱུ་དང་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་ལ་འཇར་མན་གཞུང་གིས་རྟོག་ཞིབ་གཟབ་ནན་བྱ་རྒྱུའི་ཐག་བཅད། ཐོག་མར་ཧྥ་རན་སིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པའི་མ་ལག་རྣམས་འགོག་དགོས་པའི་གྲོས་གཞི་དེར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་རུང་མཐའ་མཇུག་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པ་བཀོལ་སྤྱོད་བྱ་རྒྱུའི་ལམ་དུ་ཞུགས། ཡུ་རོབ་ཀྱི་ཁ་པར་བཟོ་ཚོང་ལས་ཁང་མང་པོ་ཞིག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པ་མེད་ན་ཁ་པར་གྱི་བརྡ་འཕྲིན་ཐོན་རིམ་ལྔ་པ་དར་སྤེལ་གཏོང་རྒྱུ་དེར་ལོ་མང་འགོར་སྲིད། དེས་ན་ཡུ་རོབ་རྒྱལ་ཁབ་ཁག་ལ་ཨ་སྒོར་དུང་ཕྱུར་མང་པོའི་གྱོང་གུད་ཕོག་སྲིད་ཅེས་ཉེན་བརྡ་བཏང་བ་མ་ཟད། དབྱིན་ཇི་དང་འཇར་མན་ཎིའི་ཉམས་ཞིབ་པ་ཚོས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པ་དང་རྒྱ་ནག་གིས་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་བརྒྱུད་ནས་རྒྱལ་ཁབ་གཞན་ལ་ལྐོག་ཉན་དང་གསང་ཉུལ་བྱེད་ཀྱི་ཡོད་པ་རྩད་གཅོད་ཐུབ་མ་སོང་ཞེས་བཤད།།

ལོ་ཤས་གོང་དུ་ཨ་རིའི་གསང་བའི་ལས་ཁང་གི་ཉམས་ཞིབ་པ་སི་ནོ་ཌན་གྱིས་ཨ་མི་རི་ཀའི་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཁ་པར་དང་གློག་འཕྲིན་སོགས་ལྐོག་ཉན་དང་ལྟ་ཀློག་བྱེད་ཀྱི་ཡོད་པ། ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་གསང་ཉུལ་བྱེད་ཀྱི་ཡོད་པའི་གསང་བའི་ཡིག་ཆ་སྟོང་ཕྲག་མང་པོ་ཕྱིར་བསྒྲགས་བྱས་ནས་བཟུང་། ཡུ་རོབ་རྒྱལ་ཁབ་ཁག་གི་གྲོས་འཐུས་མི་མང་པོ་ཞིག་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་བཀོལ་སྤྱོད་བྱ་རྒྱུ་དེར་བློ་བདེ་བོ་མེད་ཅིང་། རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པ་སྤུས་ཁ་དག་པ་དང་རིན་གོང་ཆུང་བ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ནུབ་ཕྱོགས་རྒྱལ་ཁབ་གཞན་ཁག་གི་འཕྲུལ་རིག་མ་ལག་ལས་ཀྱང་མགྱོགས་ཚད་མྱུར་བ་བཅས་ལ་དགའ་མོས་བྱུང་སྟེ་ཡུ་རོབ་རྒྱལ་ཁབ་ཁག་གིས་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པའི་མ་ལག་བཀོལ་སྤྱོད་བྱ་རྒྱུ་ཐག་བཅད། འོན་ཀྱང་ཧྭ་ཝེ་ཚོང་ཁང་ལ་ཡུ་རོབ་རྒྱལ་ཁབ་ཁག་གི་ཁྲོམ་རའི་ནང་དུ་ཚོང་ལས་ཀྱི་མདུན་ལམ་བརྟན་པོ་ཡིན་པའི་ངེས་པ་མེད་པ་སྟེ། འཇར་མན་ཎིའི་གསང་བའི་ལས་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཐོན་རིམ་ལྔ་པའི་མ་ལག་ལ་དོགས་ཟོན་བྱ་དགོས། འཇར་མན་གཞུང་གིས་ངེས་པར་དུ་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་ལ་རྟོག་ཞིབ་ནན་པོ་བྱེད་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཞེས་སྐུལ་ལྕག་བཏང་ཞིང་། ཡུ་རོབ་རྒྱལ་ཁབ་ཌན་མག་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཚོང་ལས་ཀྱི་གན་རྒྱ་མུ་མཐུད་དུ་འཇོག་རྒྱུ་མིན་ཞེས་ཐག་བཅད། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕོ་ལན་ཌི་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་ཆས་ལ་དོགས་ཟོན་དགོས་པའི་ལངས་ཕྱོགས་བཟུང་འདུག

XS
SM
MD
LG