ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྐྱིད་གྲོང་ནས་བལ་ཡུལ་དུ་མེ་འཁོར་ལྕགས་ལམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བལ་ཡུལ་གྱི་སྐྱེལ་འདྲེན་དང་ཚོང་ལམ། རྒྱལ་སྤྱིའི་མཚོ་ལམ་བཅས་པ་རྒྱ་གར་གཅིག་པུར་བརྟེན་ཡོད། གལ་སྲིད་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བར་འགལ་རྐྱེན་ཕྲན་བུ་ཞིག་བྱུང་ན་རྒྱ་གར་གྱིས་བལ་ཡུལ་ལ་སྐྱེལ་འདྲེན་དང་ཚོང་ལམ་བཀག་སྟེ་བལ་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། འདས་པའི་ལོ་མང་རིང་བལ་ཡུལ་གཞུང་གིས་རྒྱ་གར་གཅིག་པུར་བརྟེན་མི་དགོས་པའི་ཐབས་ལམ་ཞིག་འཚོལ་ཐབས་སུ་འབད། ༢༠༠༦་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་གྱི་འགྲིམ་འགྲུལ་དངོས་སུ་འགོ་བཙུགས་ནས་བཟུང་། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་རང་སྐྱོང་ལྗོངས་ནས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་འཁྲུལ་སྣང་ལྟ་བུ་ཞིག་མིན་པར་གྱུར། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་མེ་འཁོར་ལྕགས་ལམ་བོད་ནས་བལ་ཡུལ་བར་དུ་མཐུད་དགོས་པའི་གྲོས་བསྡུར་ལན་མང་བྱས་ནས་སྔ་ལོ་བོད་རང་སྐྱོང་ལྗོངས་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བྱུང་། ཁ་སང་ཕྱི་ཟླ་༣་པའི་ཚེས་༡༨་ཉིན་བལ་ཡུལ་གྱི་སྐྱེལ་འདྲེན་ལྷན་ཁང་གིས་སྐྱིད་གྲོང་ནས་ཀ་ཐ་མན་རྡུ་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་པར་དུས་ཡུན་ལོ་གཉིས་འགོར་རྒྱུ་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་དེར་བལ་ཡུལ་གཞུང་གིས་ཉུང་མཐར་ཡང་བལ་སྒོར་ཐེར་འབུམ་ཆེན་མོ་༣༥་གྲ་སྒྲིག་བྱ་དགོས་ཀྱིན་འདུག་ཅེས་ཞིབ་ཕྲའི་སྙན་ཐོ་ཞིག་སྲིད་གཞུང་ལ་ཕུལ།།

བོད་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེར་འགྲོ་གྲོན་རྒྱ་ནག་གིས་གཏོང་དགོས་པའམ། ཡང་ན་བལ་ཡུལ་གཞུང་གིས་གཏོང་དགོས་མིན་ལ་བལ་ཡུལ་དང་རྒྱ་ནག་གཉིས་གྲོས་མཐུན་བྱུང་མེད་ཅིང་། བལ་ཡུལ་གཞུང་གིས་རྒྱ་ནག་ལ་སྐྱིད་གྲོང་དང་ཀ་ཐ་མན་རྡུ་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ལ་འགྲོ་གྲོན་གཏོང་དགོས་པའི་རེ་བ་ཞུས་པའི་གནས་ཚུལ་ཐོན་རུང་རྒྱ་ནག་གཞུང་གིས་སྐྱིད་གྲོང་དང་ཀ་ཐ་མན་རྡུ་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ལ་འགྲོ་གྲོན་གཏོང་རྒྱུ་ངེས་གཏན་བྱས་མེད་པར་བརྟེན། ཕྱི་ཟླ་༤་པའི་མགོ་སྟོད་དེར་རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་ཡོད་ལས་སྣེ་ཚོ་རྒྱ་ནག་ལ་ཚོགས་འདུ་འཚོགས་ནས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་འགྲོ་གྲོན་གཏོང་ཕྱོགས་དང་འཛུགས་སྐྲུན་འགོ་འཛུགས་ཀྱི་དུས་ཚོད་རྣམས་གཏན་འབེབས་བྱ་རྒྱུ། བལ་ཡུལ་གྱི་འཛུགས་སྐྲུན་དང་སྐྱེལ་འདྲེན་ལྷན་ཁང་གི་དྲུང་ཆེ་མ་རྡུ་སུ་ཏན་ཨ་དྷི་ཀ་རིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོ་ཚོས་བལ་ཡུལ་གཞུང་ལ་བལ་སྒོར་ཐེར་འབུམ་ཆེན་མོ་༣༥་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ལ་ཟུར་འཇོག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད། བལ་ཡུལ་དང་སྐྱིད་གྲོང་བར་གྱི་མེ་འཁོར་ལྕགས་ལམ་ནི་རྫ་རི་བྲག་རི་དང་གྲོག་རོང་རྣམས་བརྒྱུད་དགོས་པས་འཛུགས་སྐྲུན་གཞན་དང་མ་འདྲ་བར་དཀའ་ཚེགས་ཆེ། ང་ཚོས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ལེགས་གྲུབ་འབྱུང་བར་ལོ་གཉིས་འགོར་རྒྱུའི་རྩིས་རྒྱག་གི་ཡོད་ཅེས་བཤད།།

སྔ་ལོ་རྒྱ་ནག་གི་ཉམས་ཞིབ་པ་ཚོས་རྒྱང་ཁད་སྤྱི་ལེ་༡༢༡་ཡོད་པའི་སྐྱིད་གྲོང་ནས་ཀ་ཐ་མན་རྡུ་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་ཁག་ལ་བརྟག་དཔྱད་ཀྱིས་ན་ནིང་ལོ་མཇུག་དེར་རྒྱ་ནག་གི་ཉམས་ཞིབ་པ་ཚོས་ཕྱོགས་སྡོམ་བརྒྱབ་པའི་སྙན་ཐོ་ཆ་ཚང་བལ་ཡུལ་གཞུང་ལ་ཕུལ། བལ་ཡུལ་གྱི་སྐྱེལ་འདྲེན་དང་འཛུགས་སྐྲུན་ལྷན་ཁང་གི་དྲུང་ཆེ་ཨ་དྷི་ཀ་རིས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་འགྲོ་གྲོན་དང་འཕྲུལ་རིག་ལག་རྩལ། ད་དུང་དགོས་ངེས་ཀྱི་མཐུན་རྐྱེན་གཞན་རྣམས་མཁོ་སྒྲུབ་ཇི་ལྟར་བྱ་དགོས་མིན་བཅས་ལ་རྒྱ་ནག་དང་བལ་ཡུལ་གྱི་གྲོས་མོལ་སྐབས་སུ་ཐག་གཅོད་བྱ་འཆར་ཡོད། ཡིན་ནའང་ང་ཚོས་སྲིད་གཞུང་ལ་བལ་སྒོར་ཐེར་འབུམ་ཆེན་མོ་༣༥་གཞུང་གི་དངུལ་རྩིས་ཁོངས་སུ་ཟུར་འཇོག་བྱ་དགོས་ཞེས་སྙན་ཞུ་ཕུལ་ཡོད། ང་ཚོར་ཕྱི་རྒྱལ་གྱི་རོགས་སྐྱོར་ཐོབ་ནའང་འདྲ། ཕྱི་རྒྱལ་ལ་བུ་ལོན་བསྐྱི་དགོས་པ་དང་ས་གནས་སུ་བུ་ལོན་བསྐྱི་དགོས་ཐུག་ཀྱང་ཁྱད་པར་མེད། གང་ལྟར་ཕྱོགས་གཉིས་ཀྱི་ས་མཚམས་བརྒལ་བའི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་དེར་ཁྱོན་བསྡོམས་བལ་སྒོར་ཁྲག་ཁྲིག་༢་དང་ཐེར་འབུམ་ཆེན་མོ་༥༧་དགོས་ཀྱིན་འདུག་ཅེས་བཤད།།

སྐྱིད་གྲོང་དང་ཀ་ཐ་མན་རྡུ་བར་གྱི་མེ་འཁོར་ལྕགས་ལམ་དེའི་རིང་ཚད་སྤྱི་ལེ་༧༣་བལ་ཡུལ་གྱི་ས་ཁོངས་སུ་ཁེལ་གྱི་ཡོད་པ་དང་མེ་འཁོར་ལྕགས་ལམ་དེའི་རིང་ཚད་བརྒྱ་ཆ་༩༨་དང་ཕྱེད་ཀ་ཟམ་པ་དང་ཕུག་ལམ་ཁེལ། དེས་ན་ལམ་ཐག་སྤྱི་ལེ་རེར་འཛུགས་སྐྲུན་འགྲོ་གྲོན་བལ་སྒོར་ཐེར་འབུམ་༣་དང་ཕྱེད་ཀ་རེ་གཏོང་དགོས་ཤིང་། བལ་ཡུལ་གཞུང་གིས་རྒྱ་ནག་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་འགྲོ་གྲོན་ཆ་ཚང་གཏོང་དགོས་ཟེར་གྱིན་ཡོད་ཀྱང་རྒྱ་ནག་གིས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་འགྲོ་གྲོན་བརྒྱ་ཆ་༥༠་རེ་མཉམ་ཁུར་བྱ་དགོས་ཟེར། བལ་ཡུལ་གྱི་སྐྱེལ་འདྲེན་དང་འཛུགས་སྐྲུན་ལྷན་ཁང་གི་དྲུང་ཆེ་ཨ་དྷི་ཀ་རིས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་འགྲོ་གྲོན་ཇི་ལྟར་གཏོང་དགོས་པ་ནི་ཐག་ཆོད་མེད། ང་ཚོས་རྒྱ་ནག་ལ་འགྲོ་གྲོན་ཆ་ཚང་གཏོང་དགོས་ཞེས་རེ་བ་ཞུས་ཡོད། ད་དུང་རྒྱ་ནག་གིས་མཐའ་མའི་ཐག་གཅོད་ཅི་བྱས་ཀྱི་ལན་འདེབས་གསལ་བོ་ཞིག་བྱས་མ་སོང་ཞེས་བཤད།།

༢༠༡༨་ལོའི་ཕྱི་ཟླ་༦་པར་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་སྐྱིད་གྲོང་ནས་ཀ་ཐ་མན་རྡུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བྱུང་། ད་དུང་རྒྱ་ནག་གིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་པོག་ར་ས་གནས་སུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དང་ཀ་ཐ་མན་རྡུ་ནས་བལ་ཡུལ་གྱི་གནས་མཆོག་ལུམྦི་ནི་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་བཅས་ས་ཁམས་བརྟག་དཔྱད་བྱ་རྒྱུའི་གྲོས་མཐུན་བྱུང་། འོན་ཀྱང་བལ་ཡུལ་གྱི་ས་བབ་ཆགས་སྟངས་དང་རི་ལུང་མང་བ། བལ་ཡུལ་ལ་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་གཏོང་རྒྱུ་མེད་པ་དང་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་བཅས་ལ་བརྟེན་ནས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་ཐུབ་ཀྱི་མེད་ཅིང་། ཐ་ན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུའང་ས་འོག་མེ་འཁོར་ལྕགས་ལམ་ཞིག་ཀྱང་འཛུགས་སྐྲུན་བྱེད་ཐུབ་མེད་པ་རེད།།

XS
SM
MD
LG