ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡུ་གུར་བའི་གནས་སྟངས་མཚོན་པའི་པར་རིས་འགྲེམ་སྟོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཁ་སང་སྤྱི་ཟླ་༣་པའི་ཚེས་༡༤་ཉིན་ཡུ་གུར་བའི་ལས་འགུལ་ཞེས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་གསར་འགྱུར་འགྲེམ་སྟོན་ཁང་དུ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་རྣམས་མངོན་སུམ་འཛེམ་མེད་ཀྱིས་འཛིན་བཟུང་དང་བཀག་ཉར། ཡུ་གུར་བ་རྣམས་གར་སོང་ཆ་མེད་དུ་གྱུར་པ་དང་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུག་ཡོད་པ་སོགས་ཀྱི་གནས་སྟངས་ངོ་མ་རྣམས་པར་རིས་དང་ཡིག་ལམ་དུ་བཀོད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་པའི་འགྲེམ་སྟོན་ཞིག་ཚུགས་འདུག

ཐེངས་འདིའི་འགྲེམ་སྟོན་བརྒྱུད་ནས་རྒྱ་གཞུང་གིས་ཐབས་ཤེས་འདྲ་མིན་སྣ་ཚོགས་བསྟེན་ནས་ཡུ་གུར་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། ཡུ་གུར་བའི་སྲོལ་རྒྱུན་གོམས་གཤིས། མི་རིགས་དེའི་སྐད་ཡིག་བཅས་པ་རྩ་མེད་གཏོང་ཐབས་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་ཡུ་གུར་བའི་གནས་སྟངས་ཡ་ང་བ་དེར་ལེགས་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་ཐུབ་པའི་འབོད་སྐུལ་ཞུས་འདུག ད་ཐེངས་ཀྱི་པར་རིས་འགྲེམ་སྟོན་ནང་དུ་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་བཀག་ཉར་བྱས་ཡོད་པ། གར་སོང་ཆ་མེད་དུ་གྱུར་པའི་ཡུ་གུར་བའི་རྩོམ་པ་པོ་དང་སྒྱུ་རྩལ་བ། སློབ་གྲྭའི་སློབ་གཙོ་དང་ཚོང་པ། སྨན་པ་སོགས་ཀྱི་པར་རིས་དང་ལོ་རྒྱུས་རྣམས་འདུས།།

ཡུ་གུར་བའི་འགྲེམ་སྟོན་དེའི་སྟོན་བྱ་གཙོ་བོ་ཞིག་ནི་ཡ་ལི་ཁོན་རུཀ་ཙི་ཞེས་པའི་ཡུ་གུར་བའི་ཤེས་ཡོན་ཅན་ཞིག་ཡིན་ཞིང་། ཁོ་པ་ཞིན་ཅང་སློབ་གསོ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གཙོ་བོ་ཡིན་པར་མ་ཟད། སློབ་ཆུང་ནས་མཐོ་འབྲིང་བར་གྱི་སློབ་དེབ་རྣམས་ཡུ་གུར་སྐད་དུ་རྩོམ་སྒྲིག་བྱེད་མཁན་གྱི་གྲས་སུ་ཡོད། ཁོ་པ་༢༠༡༦་ལོའི་སྤྱི་ཟླ་༡༠་པའི་ནང་དུ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང་སྤྱི་ལོ་༢༠༡༨་ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ནས་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁོ་པའི་བུ་ཁ་མ་ལི་ཐུ་ཨར་ཀི་ཡ་ལི་ཁོན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ངའི་ཨ་ཕ་༢༠༡༦་ལོར་འཛིན་བཟུང་བྱས་པའི་རྗེས་སུ་ང་ཚོ་གཏན་ནས་འབྲེལ་བ་ཆད་སོང་། ཐ་ན་ཨ་ཕ་གང་དུ་ཡོད་མེད་དང་ལུས་ཁམས་བདེ་ཐང་ཡིན་མིན་གྱི་གནས་ཚུལ་ཙམ་ཡང་ཤེས་དཀའ། ཁོ་པར་བཙོན་འཇུག་ཁྲིམས་ཐག་བཅད་པའང་ཟླ་ཤས་ཀྱི་རྗེས་སུ་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་གྲོགས་པོ་ཚོས་བཤད་ནས་ད་གཟོད་ང་ཚོས་ཤེས་རྟོགས་བྱུང་སོང་། ད་དུང་ཡང་ཨ་ཕ་བཙོན་ཁང་གང་དུ་བཅུག་བྱས་ཡོད་མེད་རྣམས་ང་ཚོས་ཤེས་མ་སོང་ཞེས་བཤད།།

གཞན་ཡང་འགྲེམ་སྟོན་དེར་ཡུ་གུར་བས་སྲང་ལམ་ཁག་ཏུ་ཡུ་གུར་བའི་གོན་པ་གྱོན་ན་མཐའ་ལྷུང་རིང་ལུགས་པར་ངོས་འཛིན་བྱས་ཏེ་ཡུ་གུར་བའི་བྱིས་པ་རྣམས་ལ་བཙན་གྱིས་རྒྱ་ལྭ་གྱོན་དུ་འཇུག་བཞིན་པ་དང་ཡུ་གུར་བའི་ལྭ་རིང་རྣམས་བཙན་གྱིས་གཏུབས་ནས་ལྭ་ཐུང་དུ་སྒྱུར་བཞིན་པ་སོགས་ཀྱི་པར་རིས་རྣམས་བཀྲམ། འགྲེམ་སྟོན་གོ་སྒྲིག་པས་བརྗོད་གསལ་ལ་ཉེ་བའི་ལོ་ངོ་དེ་དག་གི་རིང་ལ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་ཐབས་ཤུགས་ཆེ་ནས་ཆེ་རུ་གཏོང་བཞིན་ཡོད་པ་སྟེ། དེང་སྐབས་ཡུ་གུར་བ་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་བའམ། བཀག་ཉར་ཁང་དུ་མནར་གཅོད་མྱོང་བཞིན་པ། ཉེས་མེད་ཀྱི་ཡུ་གུར་བ་མང་པོ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དུ་འཇུག་བཞིན་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག ཐེངས་འདིའི་འགྲེམ་སྟོན་བརྒྱུད་ནས་ང་ཚོས་འཛམ་གླིང་མི་དམངས་ཡོངས་ལ་ཤེས་སུ་འཇུག་འདོད་ཡོད་པ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་པའི་ལྐོག་གྱུར་གྱི་གནད་དོན་ཞིག་མིན། ད་སྔ་རྒྱ་གཞུང་གིས་ལག་ཤེས་སློབ་གྲྭ་ཡིན་ཞེས་མིང་བཏགས་ཡོད་པའི་བཀག་ཉར་ཁང་དུ་ཡུ་གུར་བ་ས་ཡ་གཅིག་ནས་ས་ཡ་གསུམ་ཡས་མས་ཤིག་བཀག་ཉར་བྱས་ཡོད་པ་དང་འགྲོ་བ་མིའི་རིགས་ཀྱི་ཡ་ང་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ཡོད་པ་སྟོན་ཐབས། ཤར་ཏུར་ཀི་སི་ཐན་ཕྱི་ནང་གཉིས་སུ་གྱེས་པའི་མི་རྣམས་ལ་བརྡབ་གསིག་དང་མནར་གཅོད་ཚད་མེད་གཏོང་བཞིན་པ་འདྲ་པར་གྱི་ལམ་ནས་གསལ་སྟོན་བྱ་འདོད་ཡིན་བཤད་འདུག

XS
SM
MD
LG