ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༡/༡༩

བྱང་ཀོ་རི་ཡས་གྲོས་མོལ་ཕྱིར་འཐེན་གྱི་སྡིགས་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༣་ཚེས་༡༥་ཉིན་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཆོ་སོན་ཧུས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་ཐུག་འཕྲད་བྱས་ཏེ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་གཤིས་ཀ་མཐུན་པོ་དང་སྒེར་གྱི་འབྲེལ་བ་ཡག་པོ་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་སོགས་ཀྱིས་བྱང་ཀོ་རི་ཡ་དགྲར་འཛིན་དང་ཕན་ཚུན་ཡིད་ཆེས་མེད་པའི་དོགས་ཟོན་གྱི་ཁོར་ཡུག་ཅིག་བསྐྲུན་སོང་། ཨ་རི་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པ་ནི་ཁོར་ཡུག་བཟང་པོ་མེད་པར་འབྲེལ་བ་ཆེན་པོ་འདུག དེར་བརྟེན་བྱང་ཀོ་རི་ཡས་ཨ་མི་རི་ཀར་གྲོས་མོལ་རྒྱུན་འཁྱོངས་བྱ་རྒྱུ་མཚམས་འཇོག་དང་ང་ཚོས་སླར་ཡང་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་དགོས་མིན་རྣམས་བྱང་ཀོ་རི་ཡའི་རླབས་ཆེན་གཙོ་འཛིན་ཀིམ་ཇུང་ཨུན་གྱིས་མྱུར་དུ་ཐག་གཅོད་བྱ་རྒྱུ་རེད་ཅེས་བཤད།།

ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀིམ་ཇུང་ཨུན་ལ་གྲོས་མོལ་མཚམས་འཇོག་བྱས་ནས་འཕྲལ་དུ་རང་ཡུལ་ལ་ཕྱིར་ལོག་བྱས་ནས་བཟུང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ངོ་ཚ་བོ་དང་ཨ་མི་རི་ཀར་ཡིད་ཆེས་མེད་པར་གྱུར། ཀིམ་ཇུང་ཨུན་གྱིས་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་འཆང་ནས་ཆུ་ཚོད་༦༥་ལ་མེ་འཁོར་ནང་དུ་ཝྭེ་ཏེ་ནམ་ལ་བསྐྱོད། བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པས་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པའི་ལན་ཁག་ཐམས་ཅད་ཨ་མི་རི་ཀར་ཡོད། ང་ཚོ་རང་ཡུལ་ལ་ཕྱིར་ལོག་བྱེད་པའི་ལམ་དུ་གཙོ་འཛིན་ཀིམ་ཇུང་ཨུན་གྱིས་ང་ཚོ་ཅིའི་ཕྱིར་མེ་འཁོར་འགྲིམ་འགྲུལ་བྱས་པ་རེད་དམ་ཞེས་དྲིས་སོང་། ངས་གསལ་བོ་བྱས་ནས་བཤད་དགོས། ཨ་མི་རི་ཀའི་ཇག་ཚོགས་ལྟ་བུའི་ལངས་ཕྱོགས་ཤིག་བཟུང་ནས་གང་ཅིའི་གནས་སྟངས་ཉེན་ཀའི་གནས་སུ་བརྫངས་སོང་། ཨ་མི་རི་ཀས་གསེར་ལས་དཀོན་པའི་གོ་སྐབས་ཤིག་ཆུད་ཟོས་སུ་བཏང་སྟེ་ཆབ་སྲིད་ཀྱི་ཁོག་རྩིས་རྒྱག་གི་འདུག གལ་སྲིད་ཨ་མི་རི་ཀས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱ་རྒྱུ་མིན་ན་ང་ཚོར་གྲོས་མོལ་བྱ་འདོད་གཏན་ནས་མེད་ཅེས་བཤད། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་གྲོས་མོལ་བྱེད་ཀྱི་ཡོད་པ་མཐའ་གཅིག་ཏུ་སྒོ་བརྒྱབ་མེད་ཀྱང་ཀིམ་ཇུང་ཨུན་ཁ་སྟོང་ལག་སྟོང་ལ་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་བྱུང་བ་བློ་ཡུལ་དུ་ཤོང་དཀའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པའི་གསར་འགྱུར་ཐོན།།

བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པས་མུ་མཐུད་དུ་བརྗོད་དོན། ཝྭི་ཏེ་ནམ་གྱི་ཐུག་འཕྲད་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པར་མཇུག་བསྒྲིལ་ནས་བཟུང་སྟེ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཨ་མི་རི་ཀར་གྲོས་མོལ་རྒྱུན་སྐྱོང་བྱས་ན་དགེ་མཚན་ཡོད་མེད་དོགས་པ་ཆེན་པོ་ཞིག་སླེབས་སོང་། ང་ཚོས་ཨ་མི་རི་ཀར་ཕྱོགས་གང་ཐད་དུ་གུ་བཤངས་བྱ་འདོད་མེད་པར་མ་ཟད། བྱང་ཀོ་རི་ཡར་གྲུབ་འབྲས་མེད་པའི་གྲོས་མོལ་ཞིག་རྒྱུན་འཁྱོངས་བྱ་འདོད་དེ་བས་ཀྱང་མེད། བྱང་ཀོ་རི་ཡས་རང་གིས་རང་ལ་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མིན་པའི་རང་ཁྲིམས་ཤིག་བསྡམས་ཡོད་པ་བསྲུང་དགོས་དོན་མེད་ཅེས་བཤད། ༢༠༡༧་ནས་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱ་དགོས་ཀྱི་མི་འདུག་ཅེས་བསྒྲགས། ཡིན་ནའང་ཝྭི་ཏེ་ནམ་གྱི་གྲོས་མོལ་རྗེས་སུ་བྱང་ཀོ་རི་ཡར་སླར་ཡང་གཏོར་བཤིག་བཏང་ཟིན་པའི་རྡུལ་ཕྲན་ལས་གྲྭ་ཁག་ཅིག་ཞིག་གསོ་བྱེད་ཀྱི་ཡོད་པ་བར་སྣང་ཁམས་ནས་འདྲ་པར་ལེན་ཐུབ་ཡོད་པ་རེད།།

ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱི་གཤམ་འོག་ལས་སྣེ་ཁག་གིས་ང་ཚོས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བར་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད། ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་ཡང་ཁྱད་པར་མེད། ལྷོ་ཀོ་རི་ཡའི་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཝ་ཤིང་ཊོན་དང་ཕིང་དབྱང་གི་གྲོས་མོལ་འཕྲོ་སྐྱོང་བྱེད་དུ་འཇུག་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཕྱོགས་གཅིག་ནས་ལྷོ་བྱང་ཀོ་རི་ཡའི་ནང་ཁུལ་གྱི་འབྲེལ་བ་ཡར་རྒྱས་དང་དམག་འཁྲུག་གི་ཛ་དྲག་ཞི་འཇམ། ཁོ་པས་ཕྱོགས་གཞན་ཞིག་ནས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་པ་དང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་བཏང་སྟེ་གྲོས་མཐུན་ཞིག་འཇོག་པར་བར་འདུམ་གང་ལེགས་བྱེད་ཀྱི་ཡོད་པ་རེད།།

ཝྭེ་ཏེ་ནམ་གྱི་ཐུག་འཕྲད་སྐབས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་སུ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ལྟ་ཚུལ་མི་མཐུན་པའི་ཁྱད་པར་ཆེན་པོ་ཡོད་པ་ངོ་འཕྲོད། བྱང་ཀོ་རི་ཡའི་གཞུང་གིས་གོ་རིམ་ཅན་དང་ལག་བསྟར་འདྲ་མཉམ་གྱི་གྲོས་མཐུན་ཞིག་འཇོག་དགོས། དཔེར་ན་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་ལས་གྲྭ་ཁག་ཅིག་སྒོ་བརྒྱབ་ནས་དང་ཕུ་ལུ་ཊོ་ནིམ་དང་ཡུ་རེམ་ནིམ་ལས་སྣོན་བྱ་ཡུལ་ཁག་གཏོར་བཤིག་གཏོང་ཆོག ཨ་མི་རི་ཀས་ངེས་པར་དུ་༢༠༡༦་ནས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཟེར། ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་མིན། སྔོན་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་བས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པར་མཇུག་བསྒྲིལ།།

ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡར་སྔོན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱེད་ཚེ། ཁོ་ཚོས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུའི་ལས་དོན་ཁག་ལ་འགྲོ་གྲོན་འདུ་འགོད་བྱེད་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་དུ་བྱང་ཀོ་རི་ཡའི་རྡོ་སོལ་ཚུད་པའི་དངོས་ཟོག་རྣམས་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་མི་ཆོག རྒྱལ་སྤྱིའི་ཁྲོམ་ར་ནས་བྱང་ཀོ་རི་ཡས་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པ་དེ་ལའང་ཚོད་འཛིན་དམ་པོ་བྱས་ཏེ་འདས་པའི་ལོ་ཤས་ཤིག་ནས་བྱང་ཀོ་རི་ཡའི་དཔལ་འབྱོར་ཉམས་རྒུད་དང་མི་དམངས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད། ད་ལྟ་རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་བརྩི་མེད་བཏང་ནས་བྱང་ཀོ་རི་ཡར་ཚོང་འབྲེལ་བཙུགས་ཡོད་པས་བྱང་ཀོ་རི་ཡར་སྔར་བཞིན་དཔལ་འབྱོར་དཀའ་ངལ་མེད་པའམ། ཡང་ན་བྱང་ཀོ་རི་ཡར་ཚོང་ལས་ཡོངས་སུ་འགགས་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད་པ་དེ་ནས་ཐར་འདུག

XS
SM
MD
LG