ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་ལ་དམ་དྲག་བྱ་རྒྱུ་མཚམས་འཇོག་མི་སྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་བཞིན་ཡོད་པའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་རྒྱ་གཞུང་གིས་སློབ་གསོ་བསྐྱར་མ་སྤེལ་སའམ། ལག་ཤེས་སློབ་སྦྱོང་སྤྲོད་ཡུལ་དུ་མིང་བཏགས་ཡོད་པའི་ཞིན་ཅང་གི་བཀག་ཉར་ཁང་རྣམས་གླེང་སློང་བྱུང་བ་སྟེ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་གྲས་སུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཕེབས་པའི་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཞོ་ར་ཛ་ཁིར་གྱིས་བཀག་ཉར་དེ་རྣམས་རྒྱ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་ཐབས་ཀྱི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། ད་དུང་མུ་མཐུད་དུ་འཇིགས་སྐུལ་དྲག་སྤྱོད་པར་ཡུན་རིང་དམ་དྲག་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་བཤད།།

རྒྱ་གཞུང་གིས་ཞིན་ཅང་ས་གནས་ཀྱི་བདེ་འཇགས་ཀྱི་ཐད་དུ་བཏོན་པའི་སྲིད་ཇུས་ལ་བརྟེན་ནས་འདས་པའི་ལོ་གཉིས་ལྷག་གི་རིང་ལ་ཞིན་ཅང་ས་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་ཀྱི་གཏོང་རྒོལ་ཚབས་ཆེན་རིགས་བྱུང་མེད། ཞིན་ཅང་ལ་ཨབ་གྷན་ཎི་སི་ཐན་དང་ཁ་ཛཀ་སི་ཐན་སོགས་འདབས་འབྲེལ་གྱི་རྒྱལ་ཁབ་ཁག་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་སྔར་བཞིན་འབྱུང་གི་འདུག དེར་བརྟེན་ཞིན་ཅང་གི་ཁ་བྲལ་བ་དང་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་ཐབས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་རྣམས་ལྷོད་ཡངས་གཏོང་གི་མིན། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བརླག་བྱེད་མཁན་དང་མཐའ་ལྷུང་རིང་ལུགས་པ། ཁ་བྲལ་རིང་ལུགས་པ་སོགས་ལ་འཐབ་རྩོད་བྱ་རྒྱུ་ནི་རྒྱུན་རིང་གི་ལས་དོན་ཞིག་དང་རྙོག་འཛིང་ཆེ་བ། ཛ་དྲག་ཅན་ཞིག་ཡིན་པས་ང་ཚོས་ནམ་ཡང་ལྷོད་ཡངས་གཏོང་གི་མིན་ཅེས་བཤད་འདུག

རྒྱ་གཞུང་གིས་སློབ་གསོ་སྤེལ་ས་ཡིན་ཞེས་མིང་བཏགས་པའི་བཀག་ཉར་ཁང་དེ་དག་གི་ནང་དུ་ཞིན་ཅང་གི་ཡུ་གུར་བ་གཙོས་ཧ་ས་ཁ་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པའི་སྟབས་ཀྱིས་ཡུ་རོབ་མཉམ་འབྲེལ་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕྱི་ཟླ་༣་པའི་ཚེས་༡༢་ཉིན་པེ་ཅིང་གི་ཚོགས་འདུར་མཉམ་ཞུགས་བྱས་ཡོད་པའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་ཀོ་སོགས་ཨ་རིའི་གཞུང་གིས་མིང་ཐོ་ནག་པོའི་ནང་དུ་བཅུག་ནས་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པས་གསར་འགྱུར་བརྒྱུད་ལམ་དུ་བཀག་ཉར་ཁང་དེ་དག་གི་སྐོར་ལ་ལན་འདེབས་བྱས་པ་ལྟ་ན་མི་སྐོར་ཞིག་གིས་ཞིན་ཅང་གི་ལག་ཤེས་སློབ་སྦྱོང་སྤྲོད་ས་ཁག་ཆབ་སྲིད་ཀྱི་བསམ་བློ་སྒྱུར་བཀོད་ཁང་ངམ། ཡང་ན་བཀག་ཉར་ཁང་རེད་ཅེས་སྐྱོན་བརྗོད་བཞིན་པ་ནི་ཁུངས་མེད་ཀྱི་རྫུན་གཏམ་ཞིག་རེད། ལྟེ་གནས་དེ་རྣམས་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་ཐབས་སུ་བཙུགས་པའི་ལག་ཤེས་སྦྱོང་བརྡར་ཁང་ཡིན་པ་ལས་བཀག་ཉར་ཁང་མིན། ལག་རྩལ་སྦྱོང་སའི་མི་གྲངས་ལ་རིམ་གྱིས་འགྱུར་བ་ཐེབས་ཀྱི་ཡོད། གལ་ཏེ་སྤྱི་ཚོགས་ལ་ལག་རྩལ་སྦྱོང་ས་དེ་དག་གི་དགོས་མཁོ་མེད་པ་འགྱུར་ན་རིམ་བཞིན་མི་གྲངས་ཉུང་དུ་སོང་ནས་མེད་པར་འགྱུར་ངེས་རེད། ལག་རྩལ་སྦྱོང་ས་དེ་དག་ནང་གི་མི་གྲངས་རྣམས་ཕྱི་ལོགས་ཀྱི་གསར་ལམ་ཁག་ཏུ་བཤད་བཞིན་པ་དེ་འདྲ་མང་པོ་མེད་ཅེས་དགག་པ་བརྒྱབ།།

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པས་དུས་རྒྱུན་གྱི་རྒྱ་ནག་གཞུང་གི་སྐད་ཆ་དེ་རྣམས་བསྐྱར་ཟློས་བྱས་པ་ལས། ཁོ་པས་དོན་དངོས་སུ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་མི་གྲངས་ཅི་ཙམ་བཅུག་ཡོད་མེད་སོགས་ཁ་གསལ་ཞིག་བཤད་མེད་ཅིང་། ཞིན་ཅང་དུ་བཙུགས་ཡོད་པའི་བཀག་ཉར་ཁང་རྣམས་སྒོ་རྒྱག་དགོས་ཞེས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་སྤྱི་དམངས་སྒེར་པ་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་གཞུང་གིས་ཞིན་ཅང་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་རྒྱུའི་གླེང་སློང་བྱུང་བའི་སྟབས་ཀྱིས་སྤྱི་ཚེས་༡༢་ཉིན་ཞིན་ཅང་གི་འཐུས་མི་ཚོས་གསར་འགོད་ལྷན་ཚོགས་བསྐོངས་པ་དེའི་ཐོག་ཏུ་འཐུས་མི་རྣམས་ཀྱི་སྡོད་གནས་དང་མིང་ཐོ་འཁོད་མེད་པ་དང་དེའི་རྒྱུ་མཚན་ནི་གསར་འགྱུར་བརྒྱུད་ལམ་ཁག་གིས་འཐུས་མི་དེ་དག་གི་རྒྱབ་ལྗོངས་མི་ཤེས་པའི་ཆེད་དུ་དོགས་ཟོན། ཁོ་ཚོར་རྒྱལ་སྤྱིའི་སྟེང་དུ་ཉེས་ཆད་མི་ཕོག་པའི་ཆེད་དུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG