ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རན་དང་ཨི་རག་གི་འབྲེལ་བ།


༄༅།། ཨི་རན་གྱི་སྲིད་འཛིན་རོ་ཧ་ཎི་གཟའ་ཟླ་བ་ནས་ཉི་མ་༣་གྱི་རིང་ལ་ཁྱིམ་མཚེས་རྒྱལ་ཁབ་ཨི་རག་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་དང་ཚོང་ལས་རྒྱ་སྐྱེད། ཨ་མི་རི་ཀས་ཨི་རན་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཀྱང་སྲིད་འཛིན་རོ་ཧ་ཎིས་ཨི་རན་གྱིས་ཨི་རག་གཙོས་དཀྱིལ་ཤར་ས་ཁུལ་གྱི་ཤི་ཡ་ཆོས་རྒྱུད་འཛིན་པའི་ཁ་ཆེའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་སྟོན་གྱི་ཡོད་ཅིང་། སྲིད་འཛིན་རོ་ཧ་ཎིའི་ཉི་མ་༣་གྱི་གཞུང་འབྲེལ་འཚམས་འདྲི་འགོ་མ་ཚུགས་གོང་དེར་ཨ་མི་རི་ཀའི་དམག་གིས་དཀྱིལ་ས་ཁུལ་གྱི་རྒྱལ་ཁབ་ཁག་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དྲག་པོ་བྱས་པ་དང་ཨི་རག་གི་སྲིད་འཛིན་བྷར་ཧམ་ས་ལིས་སྲིད་འཛིན་རོ་ཧ་ཎི་རྒྱལ་ས་བྷག་དྷ་གྲོང་ཁྱེར་གྱི་སཱ་ལམ་ཕོ་བྲང་དུ་གདན་འདྲེན་ཞུས་ནས་ཕེབས་བསུའི་མཛད་སྒོ་ཚོགས་འདུག

སྲིད་འཛིན་རོ་ཧ་ཎིའི་འཚམས་འདྲི་འདིས་ཨ་མི་རི་ཀ་དང་དཀྱིལ་ཤར་ས་ཁུལ་གྱི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཀྱང་ཨི་རན་གྱིས་སྔར་བཞིན་ཨི་རག་གི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཐུབ་པ་སྟོན་གྱི་ཡོད་པ་སྟེ། སྲིད་འཛིན་རོ་ཧ་ཎི་མ་ཕེབས་གོང་དེར་ཤི་ཡ་ཆོས་རྒྱུད་འཛིན་པའི་ཨི་རན་དང་ཨི་རག་གཉིས་ལ་ཕུ་ནུའི་འབྲེལ་བ་ཞིག་ཡོད་པ་སྲ་བརྟན་གཏོང་རྒྱུའི་སེམས་ཐག་བཅད་ཡོད་ཅེས་ཨི་རན་གྱི་བརྙན་འཕྲིན་ལས་ཁང་ལ་བཤད་ཡོད་པར་མ་ཟད། སྲིད་འཛིན་རོ་ཧ་ཎིས་ང་ཚོའི་འབྲེལ་བ་འདི་ཨི་རག་བཙན་འཛིན་བྱེད་མཁན་ཨ་མི་རི་ཀ་དང་ཨི་རག་གི་འབྲེལ་བ་གཉིས་ལ་བསྡུར་ཐབས་མེད། ཨ་མི་རི་ཀས་ཨི་རག་དང་སི་རི་ཡ། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་ལ་འབར་མདེལ་གྱིས་གཏོར་རྒོལ་བྱས་པ་བརྗེད་ཐབས་མེད་ཅེས་མེ་ཧར་གསར་འགྱུར་ལས་ཁང་ལ་བཤད་པའི་གནས་ཚུལ་སྤེལ་འདུག

ཨི་རན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཉི་མ་༣་གྱི་གཞུང་འབྲེལ་འཚམས་འདྲིའི་སྐབས་སུ་ཨི་རན་དང་ཨི་རག་གཉིས་ཀྱིས་རང་བྱུང་ནུས་པ་དང་སྐྱེལ་འདྲེན། ཞིང་ལས་དང་བཟོ་ལས། འཕྲོད་བསྟེན་སོགས་ཀྱི་གྲོས་མཐུན་སྣ་མང་ཞིག་ལ་མིང་རྟགས་འགོད་རྒྱུའི་གྲ་སྒྲིག་ཡོད་པ་སྟེ། སྲིད་འཛིན་རོ་ཧ་ཎིས་མཱེ་ར་བྷ་ཌི་རྒྱལ་སྤྱིའི་གནམ་ཐང་དུ་ང་ཚོ་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུ་དེར་འདུན་པ་ཆེན་པོ་ཡོད། ལྷག་པར་དུ་སྐྱེལ་འདྲེན་ལ་མཉམ་འབྲེལ་རྒྱ་རྒྱུའི་འདུན་པ་ཡོད་ཅེས་བཤད། ཨི་རག་གི་སྲིད་འཛིན་དང་སྲིད་བློན་ལས་ཁུངས་གཉིས་ཀས་སྲིད་འཛིན་རོ་ཧ་ཎི་ལ་ཕེབས་བསུའི་མཛད་སྒོ་མ་ཚོགས་གོང་དུ་རྒྱལ་ས་བྷག་དྷ་གྲོང་ཁྱེར་དུ་བཞེངས་ཡོད་པའི་ཤི་ཡ་ཆོས་རྒྱུད་ཀྱི་གནས་མཆོག་ཀ་དྷི་མི་ཡ་ལྷ་ཁང་དུ་གནས་གཟིགས་སུ་ཕེབས་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

སྲིད་འཛིན་རོ་ཧ་ཎིའི་ལྷན་དུ་བཅར་ཡོད་པའི་ཨི་རན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཨ་མི་རི་ཀས་ཨི་རན་ལ་དྲང་སྙོམས་མིན་པའི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཅིག་བཙན་འགེལ་བྱས་པ་བསྐོར་ནས་འགྲོ་ཐབས་ཤིག་ནི་ཨི་རག་ཡིན། ད་ཐེངས་ཀྱི་འཚམས་འདྲི་འདིས་ཨི་རན་གྱི་དཔལ་འབྱོར་ལ་གོ་སྐབས་གསར་པ་ཞིག་བསྐྲུན་ཐུབ་པའི་དགེ་མཚན་ཡོད་ཅེས་བཤད། ༢༠༡༥་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་དུས་སུ་ཨི་རན་དང་ཨ་མི་རི་ཀས་རྡུལ་ཕྲན་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀ་དང་ཨི་རན་གྱིས་མིང་རྟགས་བཀོད་པའི་རྡུལ་ཕྲན་གྲོས་མཐུན་བརྩི་མེད་བཏང་ཞིང་། ཨ་མི་རི་ཀས་སླར་ཡང་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཀྱང་དབྱིན་ཇི་དང་ཧྥ་རན་སི། ཨུ་རུ་སུ་དང་རྒྱ་ནག འཇར་མན་ཎི་བཅས་ཀྱིས་ཨི་རན་དང་ཨ་མི་རི་ཀའི་རྡུལ་ཕྲན་གྲོས་མཐུན་རྒྱུན་འཁྱོངས་བྱ་དགོས། གྲོས་མཐུན་དེར་མིང་རྟགས་འགོད་རོགས་འཁོད་སྟོབས་ཆེན་རྒྱལ་ཁབ་གཞན་ཁག་གིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱ་དགོས་པའི་ཨ་མི་རི་ཀའི་ཉེས་ཆད་དེ་ལག་ལེན་བསྟར་གྱི་མེད་པ་དང་། ད་ལྟ་ཨི་རན་གཞུང་གིས་དཀྱིལ་ཤར་ས་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཚོང་ལས་རྒྱ་སྐྱེད་གཏོང་གི་ཡོད་པ་རེད།།

༢༠༡༥་ལོའི་གྲོས་མཐུན་རྗེས་སུ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཅས་ཀྱིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་བྱ་རྒྱུ། ཨི་རན་གྱི་རྡུལ་ཕྲན་ལས་སྣོན་བྱ་རྒྱུ་ཉུང་དུ་བཏང་ནས་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་རྒྱལ་སྤྱིའི་ཉམས་ཞིབ་པ་ཚོར་རྟོག་ཞིབ་བྱེད་དུ་འཇུག་རྒྱུའི་གྲོས་མཐུན་བཞག་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་མཐུན་དེར་ཕན་ཐོགས་མི་འདུག ཨི་རན་གྱི་འབེན་ཕོག་འཕུར་མདེལ་བཟོ་རྒྱུ་བཀག་མེད་པ་དང་ཡེ་མན་གྱི་ནང་འཁྲུག་ལ་ཨི་རན་གྱིས་ཐེ་གཏོགས་བྱས་ནས་ས་ཁུལ་དེར་ཟིང་འཁྲུག་སློང་གི་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། ཨ་མི་རི་ཀས་ཨི་རན་ལ་ཚོང་འབྲེལ་འཛིན་གྱི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་ཚོང་འབྲེལ་འཛུགས་མི་ཆོག་ཅེས་ཉེན་བརྡ་བཏང་ནས་བཟུང་། ཡུ་རོབ་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་མང་ཆེ་བས་ཨི་རན་ལ་ཚོང་འབྲེལ་འཛིན་གྱི་ཕོད་ཀྱི་མེད་ཅིང་། ཨི་རན་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་ཨི་རན་ལ་ཚོང་འབྲེལ་རྒྱུན་འཁྱོངས་བྱེད་པའམ། ཡང་ན་ཨི་རན་ལ་དཔལ་འབྱོར་རོགས་རམས་མ་སྤྲད་ནས་ཨི་རན་ཡང་༢༠༡༥་ལོའི་རྒྱལ་སྤྱིའི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཡུ་རོབ་ཀྱི་སྲིད་གཞུང་ཁག་གིས་རང་གི་བཟོ་ཚོང་ལས་ཁང་ཁག་གིས་ཨི་རན་ལ་ཚོང་འབྲེལ་འཛིན་ན་སྲིད་གཞུང་གིས་དངུལ་སྒོར་རོགས་རམ་སྤྲོད་ཆོག་ཟེར་གྱི་ཡོད་པ་རེད།།

XS
SM
MD
LG