ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་དགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་འཚོགས་བཞིན་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཁག་ཐག་གཅོད་ཀྱི་ཡོད་ཅིང་། གཟའ་མིག་དམར་ཉིན་སྲིད་བློན་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུའི་ཐོག་ཏུ་བསྒྲགས་པའི་གཏམ་བཤད་གཙོ་བོ་ཞིག་ནི་རྒྱ་ནག་གཞུང་གིས་ཡེ་ཤུ་དང་ཁ་ཆེ། བོད་བརྒྱུད་ནང་བསྟན་བཅས་ལ་འཛིན་པའི་སྲིད་ཇུས་ཡིན་པ་སྟེ། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ལ་འཛིན་པའི་སྲིད་ཇུས་དེ་ངེས་པར་དུ་ང་ཚོས་ལག་ལེན་བསྟར་དགོས། ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་ཟེར་པའི་གོ་དོན་ནི་རྒྱ་ནག་གཞུང་གིས་ཡེ་ཤུ་དང་ཁ་ཆེ། བོད་བརྒྱུད་ནང་བསྟན་རྣམས་རྒྱ་ནག་གི་རིག་གཞུང་དང་རྒྱ་མི་རིགས་ཀྱི་ལྟ་བ། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས། རྒྱ་ནག་གི་སྲིད་ཇུས་བཅས་ལ་མཐུན་པ་ཞིག་བསྒྱུར་རྒྱུའི་ཐབས་ཇུས་ཡིན་པས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཆོས་ལུགས་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་ཕོག

༢༠༡༥་ལོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས། བོད་བརྒྱུད་ནང་བསྟན་སོགས་མཐའ་གཅིག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཏུ་བསྡུ་དགོས། ཕྱི་ལོགས་ནས་དར་པའི་ཆོས་ལུགས་དེ་རྣམས་རྒྱ་ནག་དང་རྒྱ་མི་རིགས་ཀྱི་རིག་གཞུང་གི་ངོ་བོར་བཙན་སྒྱུར་བྱ་དགོས་ཞེས་སྲིད་ཇུས་ཤིག་ལག་ལེན་བསྟར་འགོ་ཚུགས་པར་མ་ཟད། དེ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་ལུགས་གསར་རྙིང་གཉིས་དང་ཁ་ཆེའི་ཆོས་ལུགས། བོད་བརྒྱུད་ནང་བསྟན་བཅས་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་མགོ་བརྩམས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བ་དང་རྒྱ་ནག་གཞུང་གིས་ཆོག་མཆན་མེད་པར་བཙུགས་པའི་ཡེ་ཤུའི་ཆོས་ལུགས་གསར་རྙིང་གཉིས་ཀྱི་ལྷ་ཁང་ཁག་གཏོར་བཤིག ཡེ་ཤུའི་ཆོས་དད་པ་རྣམས་བཙོན་འཇུག་དང་བོད་ཀྱི་དགོན་སྡེ་ཁག་གི་བསླབ་པ་སློབ་གཉེར་ལ་ཚོད་འཛིན། བོད་པའི་གྲྭ་བཙུན་གྱི་གྲངས་འབོར་ཇེ་ཉུང་དང་དགོན་པའི་གླིང་དུ་ཉེན་རྟོག་ལས་ཁང་བཙུགས་པ། གྲྭ་ཤག་གཏོར་བཤིག་དང་བོད་ཀྱི་དགོན་སྡེ་ཁག་ལ་ཆོས་ཞུགས་བྱས་ཟིན་པའི་གྲྭ་བཙུན་ཇི་སྙེད་ཅིག་རང་རང་གི་ས་གནས་ཁག་ལ་ཕྱིར་སློག་བྱས་པ། བོད་པའི་གྲྭ་བ་ཚོར་གུང་ཁྲན་ཏང་མེད་ན་རྒྱ་ནག་གསར་པ་མེད་ཅེས་མཉམ་གཞས་ལེན་དུ་བཅུག་པ་དང་བཙུན་མ་ཚོར་གངས་རིའི་ལྗོངས་སུ་ཏང་གི་འོད་ཟེར་འཕྲོས་ཟེར་པའི་བྲོ་གར་འཁྲབ་ཏུ་བཅུག་པ། བོད་ཀྱི་དགོན་སྡེ་ཁག་འགྲེམ་སྟོན་ཁང་དང་ཡུལ་སྐོར་སྤྲོ་འཆམ་པའི་ལྗོངས་རྒྱུ་བྱ་ཡུལ་ལྟ་བུ་ཞིག་ཏུ་བསྒྱུར།།

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ལག་ཤེས་སློབ་སྦྱོང་དང་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད། ཞིན་ཅང་གི་ཡུ་གུར་བ་མང་པོ་ཞིག་ལ་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་དུག་རྒྱུན་གསུམ་གྱི་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་འདུག ཡུ་གུར་བ་ཚོས་རང་ཉིད་རྒྱ་ནག་གི་སྤྱི་དམངས་ཡིན་པ་དང་རྒྱ་ནག་ཁྱིམ་ཚང་ཆེན་པོའི་མི་ཁོངས་ཡིན་པའི་འདུ་ཤེས་འཛིན་དགོས། ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ཡིག་རྒྱ་སྐད་སློབ་སྦྱོང་བྱ་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས་ཞེས་ཆབ་སྲིད་ཀྱི་སློབ་གསོ་བཏང་སྟེ་ཞིན་ཅང་གི་སློབ་གྲྭ་ཁག་ལ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་སྔ་མོའི་སྙན་ངག རྒྱ་ནག་གི་གནའ་བོའི་རྩོམ་རིག་རྣམས་སློབ་ཁྲིད་བྱ་དགོས་པའི་སྲིད་ཇུས་གཏན་ལ་ཕབ། བོད་པའི་ས་ཁུལ་ཁག་ལའང་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་དང་ཏཱ་ལའི་རུ་ཚོགས་ཀྱི་ཤུགས་རྐྱེན་མེད་པར་གཏོང་དགོས། བོད་པ་ཚོས་གུང་ཁྲན་ཏང་གི་བཀའ་དྲིན་བསམ་ཤེས་བྱ་དགོས། རྒྱ་ནག་གཞུང་གིས་བོད་པ་ཚོ་བཀས་བཀོད་རྒྱུན་འཛིན་གྱི་ཞིང་བྲན་ལམ་ལུགས་འོག་ནས་བཅིངས་འགྲོལ་བཏང་བ་མ་བརྗེད་པ་བྱ་དགོས་ཞེས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་རྟག་ཏུ་གཏོང་གི་ཡོད་ཅིང་། ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཚོའི་གློ་སྙིང་བྲང་གསུམ་ནུབ་ཕྱོགས་སམ། གདན་ས་ཝྭེ་ཊི་ཁན་གྱི་བླ་ཆེན་ཕོབ་མཆོག་ལ་གཏད་ཡོད་པས་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་སྟོན་འོག་ཏུ་ཤར་སྐྱོད་མི་བྱེད་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་དྲག་གནོན་བྱས་ནས་ཁྲིམས་འགལ་དུ་བསྒྱུར།།

ད་ལྟ་རྒྱ་ནག་གཞུང་གིས་ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་དགོས་ཟེར་པའི་སྲིད་ཇུས་དེ་ཉིད་ལག་ལེན་བསྟར་པའི་སྐབས་སུ་ཁ་ཆེའི་བཀའ་དེབ་དང་སྟོན་པ་ཡེ་ཤུའི་གསུང་རབ་རྣམས་རྒྱ་ཡིག་ལ་གསར་དུ་བསྒྱུར་རྒྱུ། ཁ་ཆེའི་བཀའ་དེབ་དང་ཡེ་ཤུའི་གསུང་རབ་ཀྱི་འགྲེལ་བ་རྣམས་ཀྱང་གསར་དུ་བརྩམ་དགོས་པའི་ཐག་གཅོད་བྱས་ཡོད་པས་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཁ་ཆེའི་བཀའ་དེབ་དང་ཡེ་ཤུའི་གསུང་རབ་རྣམས་གསར་དུ་ཕབ་སྒྱུར་བྱེད་དུ་བཅུག་པ་དང་། བཀའ་དེབ་དང་གསུང་རབས་ཀྱི་འགྲེལ་བ་རྣམས་ཀྱང་གསར་རྩོམ་བྱེད་དུ་བཅུག་ཚེ། ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་ཀྱི་དགོངས་དོན་ངོ་མ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས། རྒྱ་ནག་གི་སྲིད་ཇུས་དང་རྒྱ་ནག་གི་རིག་གཞུང་། རྒྱ་མི་རིགས་ཀྱི་སྲོལ་རྒྱུན་ལྟ་བ་སོགས་ལ་མཐུན་པ་ཞིག་བསྒྱུར་སྲིད་ཅེས་གླེང་། ད་སྔ་རྒྱ་ནག་གཞུང་གིས་བོད་ཡིག་ཏུ་བཞུགས་པའི་བཀའ་དང་བསྟན་བཅོས་རྣམས་བསྐྱར་དུ་བསྒྱུར་དགོས་མིན་དང་བོད་ཡིག་གི་བཀའ་བསྟན་འགྲེལ་བ་རྣམས་གསར་དུ་བརྩམ་དགོས་པའི་ཐག་གཅོད་བྱས་མེད་ཀྱང་བོད་བརྒྱུད་ནང་བསྟན་ཡང་ཞིས་ཅིན་ཕིང་གི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་སྲིད་ཇུས་འོག་ཏུ་མི་ཚུད་པའི་ངེས་པ་བྲལ།།

རྒྱ་ནག་གཞུང་གིས་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་པའི་ཞོར་དུ་ཞིན་ཅང་གི་ཡུ་གུར་བའི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག་པ། ཁ་ཆེའི་ཞྭ་མོ་གྱོན་མི་ཆོག་པ་དང་བུད་མེད་ཚོས་མགོ་རས་དཀྲིས་ནས་གདོང་འཁེབ་རྒྱག་མི་ཆོག་པ། ཞིན་ཅང་གི་སློབ་ཕྲུག་དང་ལས་བྱེད་པ་རྣམས་ཁ་ཆེའི་ལྷ་ཁང་ལ་ཕྱག་འཚལ་བ་དང་དགེ་སྦྱོར་བྱེད་དུ་བསྐྱོད་མི་ཆོག་པ། ཁོ་ཚོས་སྨྱུང་གནས་སྲུང་མི་ཆོག་པ་དང་ཞིན་ཅང་གི་ཡུ་གུར་བའི་ཁྱིམ་ཚང་ཁག་ལ་རྒྱ་རིགས་ལས་བྱེད་པ་རྣམས་བསྐོ་འཇོག་བྱེད་པ། ཞིན་ཅང་གི་ས་གནས་ཡོངས་ལ་དམག་དང་དྲག་ཆས་ཉེན་རྟོག་པ་མང་དུ་བཏང་བ། བོད་ཀྱི་དགོན་སྡེ་ཁག་དང་སྲང་ལམ་སོགས་ལ་དམག་དང་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་པར་ཆས་བཙུགས་པ། གསང་ཉུལ་འགྲེམ་འཇོག་དང་བོད་པ་ཚོར་རང་གི་སྐད་ཡིག་དང་རིག་གཞུང་སློབ་གཉེར་བྱེད་པའི་གོ་སྐབས་མེད་པ། བོད་ཕྲུག་ཚོར་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ་དང་བོད་ཀྱི་ལོ་རྒྱུས་ལ་འབྲེལ་བ་ཡོད་པའི་དུས་སྐབས་སོ་སོར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ས་ཁག་ལ་ཡོང་མི་ཆོག་པའི་བཀག་འགོག་བྱས་པ། རྒྱ་ནག་གཞུང་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ལ་འབྲེལ་བ་ཡག་ཏུ་བཏང་སྟེ་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་པའི་ཡེ་ཤུའི་ཆོས་སྡེ་ཁག་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་རྣམས་བླ་ཆེན་ཕོབ་མཆོག་ལ་ངོས་ལེན་བྱེད་དུ་འཇུག་གི་ཡོད་པ་རེད།།

XS
SM
MD
LG