ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྱང་ཀོ་རི་ཡའི་འཕུར་མདེལ་ཚོད་ལྟ་ཁང་བསྐྱར་གསོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཝྭི་ཏེ་ནམ་གྱི་རྒྱལ་སར་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་ཀྱང་སྐབས་དེར་ཕྱོགས་གཉིས་ཀས་རེ་བ་བརྒྱབ་པ་ལྟར་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པས་གྲོས་མཐུན་ཞིག་ལ་མཚན་རྟགས་འགོད་ཐབས་མ་བྱུང་། དེར་བརྟེན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲལ་དུ་གྲོས་མོལ་མཚམས་བཞག་ནས་རང་ཡུལ་དུ་ལོག ད་ལྟ་བྱང་ཀོ་རི་ཡས་གྲོས་མོལ་མཚམས་ཆད་པར་མ་དགའ་བའི་རྣམ་འགྱུར་བསྟན་ནས་མེ་ཤུགས་འཕུར་མདེལ་ཚོད་ལྟ་ཁང་ཞིག་གསོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། སྔ་ལོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱས་ནས་བཟུང་། བྱང་ཀོ་རི་ཡའི་གཞུང་གིས་སོ་ཧ་འཁོར་སྐར་གློད་གཏོང་ཁང་གཏོར་བཤིག་བཏང་ནས་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་སོགས་ཚོད་ལྟ་བྱ་རྒྱུ་མིན་པའི་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་འགོ་ཚུགས། ཡིན་ནའང་ད་ལྟ་བྱང་ཀོ་རི་ཡའི་གཞུང་གིས་སླར་ཡང་སོ་ཧ་འཁོར་སྐར་གློད་གཏོང་ཁང་ཞིག་གསོ་བྱེད་ཀྱི་ཡོད་པའི་བརྙན་པར་བརྒྱབ་ཡོད་ཅིང་། གཅིག་བྱས་ན་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་སྲིད།།

༢༠༡༢་དང་༢༠༡༦་སོ་སོར་བྱང་ཀོ་རི་ཡའི་ཏུང་ཁྲང་རི་བོའི་འདབས་རོལ། སོ་ཧ་འཁོར་སྐར་གློད་གཏོང་ཁང་དུ་བར་སྣང་ལ་མེ་ཤུགས་འཕུར་མདའ་བཏང་ནས་ཚོད་ལྟ་བྱས་ཡོད་པ་སྟེ། ༢༠༡༢་དང་༢༠༡༦་ལོར་ཚོད་ལྟ་བྱས་པ་དེའི་དམིགས་ཡུལ་གཙོ་བོ་ནི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་རྣམས་རྒྱང་ཐག་ཅི་ཙམ་ལ་སྙོབ་ཐུབ་རྒྱུ་ཡིན་མིན། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་རྩེ་མོར་རྡུལ་ཕྲན་འབར་མདེལ་ཆེ་ཆུང་ཅི་ཙམ་བསྐྱོན་ཐུབ་རྒྱུ་ཡིན་མིན། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱིས་ཨ་མི་རི་ཀར་གཏོར་རྒོལ་བྱེད་ཐུབ་རྒྱུ་ཡིན་མིན། ཐ་ན་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་མགྱོགས་ཚད་སོགས་ལ་ཚོད་ལྟ་ལེགས་གྲུབ་བྱུང་ཞིང་། སོ་ཧ་འཕུར་མདེལ་ཚོད་ལྟ་ཁང་ནས་བྱང་ཀོ་རི་ཡས་ཧྭ་སུང་༡༤་རྟགས་ཅན་དང་ཧྭ་སུང་༡༥་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་རྣམས་ཚོད་ལྟ་བྱས་ཏེ་མཐའ་མཇུག་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་ཨ་མི་རི་ཀར་སྙོབ་ཐུབ་པ་དང་མེ་ཤུགས་འཕུར་མདའི་རྩེ་མོར་རྡུལ་ཕྲན་འབར་མདེལ་འཁྱེར་ཐུབ་པ་ར་སྤྲོད་བྱུང་། དེ་ནས་ཨ་མི་རི་ཀས་བྱང་ཀོ་རི་ཡར་ཕྱོགས་གཅིག་ནས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་དང་ཕྱོགས་གཞན་ཞིག་ནས་བྱང་ཀོ་རི་ཡར་གྲོས་མོལ་བྱས་ནས་རྒྱལ་ཁབ་དེའི་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་རྣམས་མེད་པར་གཏོང་རྒྱུའི་སྲིད་ཇུས་མ་འདྲ་བ་གཉིས་ལག་ལེན་བསྟར།།

ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡས་སླར་ཡང་སོ་ཧ་མེ་ཤུགས་འཕུར་མདེལ་ཚོད་ཁང་ཞིག་གསོ་བྱེད་ཀྱི་ཡོད་པ་ནི་ངན་རྟགས་ཤིག་མིན་སྲིད། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀས་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་བྱུང་བར་མཇུག་བསྡུ་དགོས་བྱུང་བའི་རྣམ་པ་ཞིག་བསྟན། ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་འགྲོ་སྲིད་པའི་རྣམ་འགྱུར་ཞིག་ཕྱོགས་གཉིས་ཀས་སྟོན་གྱི་ཡོད་རུང་དོན་དངོས་སུ་བྱང་ཀོ་རི་ཡས་སླར་ཡང་སོ་ཧ་མེ་ཤུགས་འཕུར་མདེལ་ཚོད་ལྟ་ཁང་ཞིག་གསོ་བྱེད་ཀྱི་ཡོད་པ་ནི་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་རྒྱུན་འཁྱོངས་བྱ་ཐབས། ཨ་མི་རི་ཀ་བསྐྱར་དུ་གྲོས་མོལ་བྱེད་དུ་འགུགས་ཐབས་ཤིག་ཡིན་སྲིད་ཅེས་གླེང་། དཔེར་ན་མཱི་ཌིལ་བྷ་རི་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་པ་ཇཱོ་ཤི་ཝ་ཕོ་ལཀ་གིས་བརྗོད་དོན། ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཝྭི་ཏེ་ནམ་གྱི་རྒྱལ་སར་ཐུག་འཕྲད་གྲོས་མོལ་བྱས་མ་ཐག་ཏུ་བྱང་ཀོ་རི་ཡའི་གཞུང་གིས་སོ་ཧ་འཕུར་མདེལ་ཚོད་ལྟ་ཁང་ཞིག་གསོ་བྱེད་ཀྱི་ཡོད་པ་ནི་མཐའ་གཅིག་ཏུ་ཉེན་ཀ་ཞིག་ཡིན་དགོས་དོན་མེད། འདི་ནི་བྱང་ཀོ་རི་ཡ་འདོད་པ་མ་ཚིམས་པའི་རྟགས་མཚན་ཞིག་ཡིན་ཆོག ཟླ་གྲོགས་ཤིག་གིས་ཁས་ལེན་དམ་བཅའ་བརྩི་མེད་བཏང་ན་ཕ་རོལ་པོས་ཀྱང་ལན་པ་འདྲ་མཚུངས་སློག་རྒྱུ་ཆོས་ཉིད་ཡིན་ཞེས་བཤད།།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པའི་འགག་རྩ་ནི་བྱང་ཀོ་རི་ཡས་རང་གིས་རྡུལ་ཕྲན་མཚོན་ཆ་རྣམས་རྩ་མེད་མ་བཏང་གོང་དུ་ཨ་མི་རི་ཀས་ངེས་པར་དུ་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཞེས་ཆ་རྐྱེན་བཏོན། ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་མ་བྱས་གོང་དུ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། དེས་ན་ཝྭི་ཏེ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ་གྲོང་ཁྱེར་དུ་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀས་གྲོས་མཐུན་མ་བྱུང་བ་དེར་འཁོན་སེམས་མེད་པ་དང་སྡང་ཟུག་མེད་པ། ཕྱོགས་གཉིས་ཀས་འབྲེལ་བ་བཟང་པོའི་ཐོག་ཏུ་གྲོས་མོལ་མཚམས་ཆད་པར་བློ་ཕམ་ཡོད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པར་མ་ཟད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ལ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་མེ་ཤུགས་འཕུར་མདའ་དང་འཕུར་མདེལ། རྡུལ་ཕྲན་མཚོན་ཆ་སོགས་ཚོད་ལྟ་བྱ་རྒྱུ་མིན་པའི་ཁས་ལེན་བྱས་སོང་ཞེས་བཤད། བྱང་ཀོ་རི་ཡའི་གཞུང་གིས་ཀྱང་ཝྭི་ཏེ་ནམ་གྱི་གྲོས་མོལ་དེར་གྲུབ་འབྲས་མ་བྱུང་བར་བློ་ཕམ་ཆེན་པོ་ཡོད། ང་ཚོ་ཨ་མི་རི་ཀར་བསྐྱར་དུ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ༢༠༡༧་ལོའི་ཕྱི་ཟླ་༩་པ་ནས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་ཐེངས་གཅིག་ཀྱང་བྱས་མྱོང་མེད་པ་རེད།།

XS
SM
MD
LG