ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་དུ་བསམ་བློ་སྒྱུར་བཀོད་ཁང་གསར་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་འཁོར་སྐར་གྱིས་འདྲ་པར་བརྒྱབ་སྟེ་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་པ་ལྟར་ན་བོད་ཀྱི་ས་ཁུལ་ཁག་ཏུའང་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་ལྟར་ཆབ་སྲིད་ཀྱི་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་གསུམ་བཙུགས་ཡོད་ཅིང་། རྒྱ་ནག་གིས་བོད་ལ་བསྐྱར་དུ་རིག་གནས་གསར་བརྗེའི་དུས་སྐབས་ཀྱི་ལས་འགུལ་ཞིག་སྤེལ་སྲིད་པའི་ཉེན་ཁ་འདུག་ཅེས་རྒྱ་གར་གྱི་ཉམས་ཞིབ་པ་ཝྭི་ན་ཡཀ་བྷ་ཟེར་བ་ཞིག་གིས་བརྟག་དཔྱད་སྙན་ཐོ་བཏོན་འདུག

རྒྱ་གར་གྱི་ཉམས་ཞིབ་པ་དེ་ནི་རྒྱ་གར་གྱི་དམག་སྡེའི་ཁོངས་ཀྱི་གསང་བའི་ལས་བྱེད་པ་དམག་ཞབས་ཟུར་པ་ཞིག་ཡིན་པ་དང་། ཁོ་པ་འཁོར་སྐར་གྱིས་འདྲ་བླངས་པའི་འདྲ་པར་ཁག་ལ་ཞིབ་འཇུག་བྱེད་མཁན་ཆེད་མཁས་པ་ཞིག་ཀྱང་ཡིན། ཁོ་པས་དེང་སྐབས་བོད་ཀྱི་དགོན་པ་ཁག་གི་མཐའ་འཁོར་དུ་རྩིག་གྱང་མཐོན་པོས་བསྐོར་བའམ། ཉེན་རྟོག་སོ་སྲུང་ཁང་བཙུགས་ཏེ་བཀག་ཉར་ཁང་ལྟ་བུའི་བཙོན་ཁང་གི་ཇུས་འགོད་བྱས་ནས་བོད་པ་ཚོར་ལྟ་རྟོག་བྱེད་ཀྱི་ཡོད་པ་ནི་རྒྱ་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་འགོག་ཉར་བྱ་ཡུལ་བཀག་ཉར་ཁང་འཛུགས་སྐྲུན་བྱས་ཡོད་པ་དེ་དག་ལ་མིག་དཔེ་བལྟས་ནས་འཛུགས་སྐྲུན་བྱས་པ་འདྲ་ཞེས་བཤད།།

རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༩་ནས་བཟུང་སྟེ་ཞིན་ཅང་གི་ཁ་ཆེའི་གྲངས་ཉུང་མི་རིགས་ལ་ཆབ་སྲིད་ཀྱི་སློབ་གསོ་བསྐྱར་མ་སྤེལ་སའམ། ལག་ཤེས་སློབ་གྲྭ་ཡིན་ཞེས་ལན་ཁག་གཡར་ནས་མི་མང་པོ་བཀག་ཉར་བྱས་ནས་མནར་གཅོད་བཏང་ཡོད་པ་མ་ཟད། ཁོ་ཚོར་བཙན་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་དབྱངས་ཀྱི་གླུ་གཞས་ལེན་དུ་འཇུག་པ། ཡུ་གུར་བ་ཚོས་རྒྱ་ཡིག་དང་རྒྱ་སྐད་སློབ་སྦྱོང་བྱ་དགོས་པ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་དམར་ཤོག་རིང་ལུགས་ཀྱི་ལྟ་གྲུབ་དར་སྤེལ་བཏང་ནས་མི་མང་པོ་ཞིག་གི་ཀླད་པ་འཁྲུ་ཐབས་བྱེད་བཞིན་འདུག མཐར་ཡུ་གུར་བ་རེ་རེའི་སེམས་སུ་རང་གི་ཆོས་ལུགས་དད་མོས་དང་སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་ངོས་ཟིན། གལ་སྲིད་བོད་དུའང་དེ་ལྟ་བུའི་སྲིད་ཇུས་ཤིག་ལག་བསྟར་བྱས་པ་ཡིན་ན་དེ་སྔོན་རྒྱ་གཞུང་གིས་ལག་བསྟར་བྱས་པའི་རིག་གནས་གསར་བརྗེའི་དུས་སྐབས་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སོགས་ཤུལ་བཞག་རིག་གནས་ལ་བསྐྱར་དུ་ཉམས་ཆག་ཆེན་པོ་འབྱུང་སྲིད་པའི་ཉེན་ཁ་འཕྲད་ཡོད་པ་རེད།།

༡༩༥༠་པར་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་སྐབས་ཐོག་མར་བོད་ཀྱི་ཆོས་ལུགས་དད་མོས་དང་འཚོ་བ་སྐྱེལ་སྟངས་སོགས་ལ་བརྩི་འཇོག་བྱ་རྒྱུའི་ཁས་ལེན་བྱས་མོད། མཐར་དམངས་གཙོ་བཅོས་སྒྱུར་ཟེར་པར་ཁ་གཡར་ནས་ས་ཞིང་བཙན་འཕྲོག་དང་མི་དམངས་སྤྱི་ཁང་ཚུགས་པ། སྐྱེ་བོ་སྒེར་གྱི་ས་ཞིང་རྒྱུ་ནོར་ཡོད་ཚད་བཙན་གྱིས་གཞུང་བཞེས་བྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་རིག་གནས་མ་ལག་དང་བཅས་པ་རྨོངས་དད་དུ་བརྩིས་ནས་དགོན་པ་ཡོད་དོ་ཅོག་གསར་བརྗེ་ངོ་རྒོལ་པའི་བསྟི་གནས་སུ་བརྩིས། གྲྭ་བཙུན་ཡོད་ཚད་གསར་བརྗེའི་ངོ་ལོག་པར་བརྩིས་ནས་དགོན་པ་ཡོད་ཚད་གཏོར་བཅོམ་དང་གྲྭ་བཙུན་མང་པོ་འཛིན་བཟུང་བྱས་པ་སོགས་བོད་པ་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་གྱུར།།

རྒྱ་ནག་གིས་༡༩༩༨་ནས་སྲིད་ཇུས་ཅུང་ཟད་ལྷོད་ཡངས་བཏང་ནས་རེ་ཞིག་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་པ་དར་སྤེལ་བྱེད་དུ་བཅུག་ཀྱང་སྤྱི་ལོ་༢༠༠༨་ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་རྗེས་སུ་བསྐྱར་དུ་དམ་དྲག་བྱས་ནས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་མང་པོ་བཙན་གྱིས་དགོན་པ་ནས་ཕྱིར་ཕུད་བྱས་པ་དང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། སྐད་ཡིག་སྲུང་སྐྱོབ་ཚོགས་པ་སོགས་ཀྱང་ཁ་བྲལ་བར་བརྩིས་ནས་ཁ་གཏོར་བཏང་ཞིང་། རྒྱ་གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་ཏུ་བཙན་གྱིས་རྒྱ་ཡིག་གཙོ་གཉེར་གྱི་སློབ་གསོ་སྤེལ་དུ་འཇུག་གི་ཡོད་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྣམས་སླར་ཡང་རྩ་མེད་དུ་གཏོང་རྒྱུའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་བསྟར། ད་ལྟ་ཡུ་གུར་བའི་སྟེང་དུ་ལག་བསྟར་བྱེད་བཞིན་པའི་བཀག་ཉར་ཁང་གི་སྲིད་ཇུས་རྣམས་བོད་ཀྱི་ས་ཐོག་ཏུའང་ལག་བསྟར་བྱེད་བཞིན་པ་ནི་ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་ཏུ་མངོན་ནོ།།

XS
SM
MD
LG