ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པ་ཀི་སི་ཐན་གྱིས་རྒྱ་ནག་ལ་རྒྱབ་སྐྱོར་ཞུས་པ།


༄༅།། གཟའ་འཁོར་འདིར་རྒྱ་གར་དང་པ་ཀི་སི་ཐན་གྱིས་ཕན་ཚུན་འཐབ་འཛིང་གནམ་གྲུ་བཏང་ནས་གཏོར་རྒོལ་བྱ་རེས་བྱས་ཏེ་དམག་འཁྲུག་ལང་སྲིད་པའི་ཛ་དྲག་གི་གནས་སུ་གྱུར། མདང་དགོང་མཚན་མོར་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཁུ་རེ་ཤི་ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ཁ་པར་བཏང་སྟེ་རྒྱ་གར་གྱིས་པ་ཀི་སི་ཐན་ལ་གཏོར་རྒོལ་བྱས་ནས་ལྷོ་ཨེ་ཤི་ཡར་དམག་འཁྲུག་གི་ཉེན་ཀ་ཞིག་འབྱུང་སྲིད། རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ནས་ལྷོ་ཨེ་ཤི་ཡར་དམག་འཁྲུག་གི་ཉེན་ཀ་ཡོད་པ་ཞི་འཇམ་གཏོང་དགོས་ཞེས་འབོད་སྐུལ་ཞུས་ཤིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཚོད་འཛིན་བྱ་དགོས། རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་ཀ་ཤི་མིར་གྱི་ཟིང་ཆ་དེ་ཉིད་ལྷོ་ཨེ་ཤི་ཡའི་དམག་འཁྲུག་ཅིག་ལ་མི་བསྒྱུར་པའི་གཟབ་ནན་བྱ་དགོས་ཞེས་སྐུལ་ལྕག་བཏང་འདུག

པ་ཀི་སི་ཐན་གྱི་གསར་འགྱུར་ལས་ཁང་ཁག་གིས་གཟའ་ལྷག་པའི་མཚན་མོར་ཕྱི་སྲིད་བློན་ཆེན་ཁུ་རེ་ཤི་ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ཁ་པར་བཏང་སྟེ་རྒྱ་ནག་གིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་ཡོད་པ་ཞི་འཇམ་གཏོང་བའི་འགན་འཁྲི་ལེན་དགོས་པའི་འབོད་སྐུལ་ཞུས་འདུག་ཅེས་གནས་ཚུལ་སྤེལ། གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དྲྭ་ཚིགས་སུའང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ལ་འབོད་སྐུལ་ཞུས་སོང་། རྒྱ་ནག་གཞུང་གིས་སྔ་ཉིན་ནས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཚོད་འཛིན་བྱས་ནས་གང་ཅིའི་གནས་སྟངས་སྡུག་ཏུ་མི་གཏོང་བའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་ཡོད། ད་ལྟའང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་སྔ་ཉིན་བཤད་པའི་སྐད་ཆ་རྣམས་བསྐྱར་ཟློས་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་རཱེན་ཀོ་ཆང་གིས་ཀྱང་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་འཁྲུག་རྩོད་ཆེ་རུ་མི་གཏོང་བའི་རེ་བ་ཡོད། རྒྱ་གར་དང་པ་ཀི་སི་ཐན་གཉིས་འཆམ་མཐུན་ཡོང་རྒྱུ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་ཡིན་པར་མ་ཟད། ཨེ་ཤི་ཡའི་མངའ་ཁུལ་ལའང་ཞི་བདེ་བརྟན་ལྷིང་འབྱུང་བར་ཕན་ཐོགས་ཡོད། རྒྱ་ནག་གིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀར་ཞི་བའི་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་དགོས་པ་དང་ཀ་ཤི་མིར་གྱི་རྩོད་གཞི་སྡུག་ཏུ་མི་གཏོང་བའི་འབོད་སྐུལ་ལན་མང་ཞུས་ཡོད་ཅེས་བཤད། དེའི་སྔོན་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤི་མ་སི་ཝ་ར་ཇི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཉིས་ལ་རྒྱ་ནག་ཤར་ཕྱོགས་ཀྱི་ཝུ་ཀྲེན་གྲོང་ཁྱེར་དུ་ཐུག་འཕྲད་ཀྱིས་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པར་རྒྱ་ནག་ལ་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་ནི་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀའི་གྲོགས་པོ་ཞིག་ཡིན་པས་ཐུན་མོང་གི་བདེ་ཐབས་ལ་དགོངས་པ་བཞེས་ནས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཛ་དྲག་ཞི་འཇམ་གཏོང་ཐུབ་པའི་འབད་བརྩོན་བྱ་དགོས། རྒྱལ་ཁབ་ཐམས་ཅད་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་ལ་བརྩི་འཇོག་བྱ་དགོས་ཞེས་བཤད།།

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༡༤་ཉིན་རང་སྲོག་བློས་གཏོང་བ་ཞིག་གིས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པའི་དམག་གི་རླངས་འཁོར་ལ་རྡུང་ཁ་བརྒྱབ་ནས་མི་༤༢་བསད། པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་དེའི་ལན་ཁག་ཁས་བླངས། ཕྱི་ཟླ་༢་པའི་ཚེས་༢༦་གི་ཐོ་རངས་སུ་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་༡༠་གྲངས་ཤིག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་པ་དང་ཕྱི་ཟླ་༢་པའི་ཚེས་༢༧་ཉིན་པ་ཀི་སི་ཐན་གྱི་འཐབ་འཛིང་གནམ་གྲུས་རྒྱ་གར་གྱི་དབང་སྒྱུར་འོག་ཏུ་ཡོད་པའི་ཀ་ཤི་མིར་གྱི་ས་ཐོག་ཏུ་རྒོལ་ལན་སློག དེར་བརྟེན་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་གནམ་དམག་ལ་འགོག་རྒོལ་བྱས་ནས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་ཞིག་ལ་གཏོར་རྒོལ་ཕོག་ནས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ལྷུང་བ་དང་གནམ་གྲུའི་ཁ་ལོ་བ་པ་ཀི་སི་ཐན་གྱི་འཛིན་བཟུང་འོག་ཏུ་ཚུད། དེར་བརྟེན་རྒྱ་གར་རྒྱལ་ཡོངས་སུ་སྲིད་བློན་མོ་དྷིའི་གཞུང་གིས་པ་ཀི་སི་ཐན་ལ་རྒོལ་ལན་ནན་པོ་སློག་དགོས་ཞེས་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཐ་ན་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་སླར་ཡང་དམག་འཁྲུག་ཆེན་པོ་ཞིག་རྒྱག་སྲིད་པའི་ཉེན་ཀ་འབྱུང་གི་ཡོད་པ་རེད།།

ཕྱི་ཟླ་༢་ཚེས་༢༨་ཉིན་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་གཏམ་བཤད་བྱས་ནས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་ཞིག་འཛིན་བཟུང་བྱས་ཡོད་པ་གློད་གྲོལ་གཏོང་ཆོག འདི་ནི་པ་ཀི་སི་ཐན་གྱིས་ཞི་བདེ་དོན་གཉེར་བྱེད་ཀྱི་ཡོད་པའི་མཚོན་རྟགས་ཤིག་ཡིན། གཟའ་པ་སངས་ཉིན་པ་ཀི་སི་ཐན་གྱིས་རྒྱ་གར་བའི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་གློད་གྲོལ་གཏོང་ཆོག་ཅེས་རྒྱལ་ཡོངས་གྲོས་ཚོགས་ལ་གཏམ་བཤད་བྱས་ཀྱང་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་དེ་ལ་བཟང་ངན་གྱི་ལན་འདེབས་གང་ཡང་བྱས་མེད་ཅིང་། གཟའ་ཕུར་བུའི་ཉིན་རྒྱ་གར་གཞུང་གིས་དངོས་གཞིའི་སྒོ་ནས་པ་ཀི་སི་ཐན་ལ་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་གློད་གྲོལ་གཏོང་དགོས་རེ་བ་བཏོན། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་ང་ཚོས་ཛ་དྲག་ཞི་འཇམ་གཏོང་ཐབས་བྱེད་ཀྱི་ཡོད་པ་ནི་སྟོབས་ཤུགས་མེད་པའི་ཞན་ཆ་ཞིག་ལ་ངོས་འཛིན་བྱེད་མི་རུང་། ཛ་དྲག་བསླངས་ན་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀར་ཁེ་ཕན་མེད། ཀ་ཤི་མིར་གྱི་པུལ་ཝ་མ་ས་གནས་སུ་གཏོར་རྒོལ་བྱུང་བ་དེར་པ་ཀི་སི་ཐན་འབྲེལ་བ་གཏན་ནས་མེད། གལ་སྲིད་རྒྱ་གར་གྱིས་པ་ཀི་སི་ཐན་ལ་དམག་བརྒྱབ་ནས་འཐབ་འཁྲུག་བསླང་ན་པ་ཀི་སི་ཐན་གྱིས་རྒྱ་གར་ལ་རྒོལ་ལན་སློག་རྒྱུ་མ་གཏོགས་དེ་མིན་གྱི་ཐབས་ལམ་གཞན་པ་ཅི་ཡང་མེད་ཅེས་ཐ་ཚིག་བསྒྲགས།།

ད་སྔ་རྒྱ་གར་གྱི་སྲིད་བློན་མོ་དྷིའི་གཞུང་གིས་པ་ཀི་སི་ཐན་ལ་ལན་པ་ཇི་ལྟར་སློག་རྒྱུ་ཡིན་མིན་གསལ་བསྒྲགས་གང་ཡང་བྱས་མེད་ཀྱང་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་ཞིག་པ་ཀི་སི་ཐན་གྱིས་འཛིན་བཟུང་བྱས་པ་དང་། པ་ཀི་སི་ཐན་གྱི་དམག་གིས་རྒྱ་གར་བའི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་དེར་འདྲི་གཅོད་བྱེད་ཀྱི་ཡོད་པ་རྒྱ་གར་རྒྱལ་ཡོངས་སུ་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་ཁྱབ་ནས་རྒྱ་གར་གཞུང་ཐབས་རྡུགས་ཀྱི་གནས་སུ་ལྷུང་ཡོད་པའི་རྟགས་མཚན་ཞིག་ལ་རྩི་བཞིན་ཡོད་ཀྱང་པ་ཀི་སི་ཐན་རྒྱལ་ཡོངས་སུ་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་ཞིག་འཛིན་བཟུང་བྱས་པ་རྒྱལ་ཁ་ཆེན་པོ་ཞིག་རེད་ཅེས་ཁྱབ་བསྒྲགས་བྱ་རྒྱུ་མཚམས་ཆད་ཀྱི་མེད་པ་དང་། ཐོག་མར་པ་ཀི་སི་ཐན་ཕྱོགས་ཀྱི་གྲོང་གསེབ་པ་ཚོས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་དེ་རྙེད་ནས་རྡུང་རྡེག་བཏང་རུང་ཡུན་རིང་མ་འགོར་པར་ས་གནས་དེར་པ་ཀི་སི་ཐན་གྱི་དམག་འབྱོར་ནས་ཉེན་སྐྱོབ་ཐུབ། རྒྱ་གར་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བས་ང་ལ་པ་ཀི་སི་ཐན་གྱི་དམག་གིས་ལྟ་སྐྱོང་བཟང་པོ་བྱས་བྱུང་། ཁོ་ཚོས་ང་ལ་ཇ་ཞིག་བླུད་པའང་ཧ་ཅང་ཞིམ་པོ་འདུག་ཅེས་བཤད་པའི་སྐད་ཆ་རྣམས་པ་ཀི་སི་ཐན་གྱི་གསར་འགྱུར་ལས་ཁང་ཁག་གིས་མཚམས་ཚིགས་མེད་པར་བསྟན། ད་ལོའི་ཕྱི་ཟླ་༤་པའི་ཟླ་མཇུག་དེར་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པས་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཡོད་དོ་ཅོག་གིས་པ་ཀི་སི་ཐན་ལ་རྒོལ་ལན་སློག་དགོས་པ་དང་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་གཏོང་དགོས་པ་རྩ་དོན་ཞིག་ལ་བསྒྱུར་ནས་མི་དམངས་ལ་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

XS
SM
MD
LG