ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

གུང་ཁྲན་ཏང་ཡོན་གྱིས་ལྷ་འདྲེ་ལ་ཡིད་ཆེས་མི་ཆོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་ཡིན་ན་མར་ལེ་རིང་ལུགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུ་ལས་ལྷ་འདྲེ་ལ་ཡིད་ཆེས་བྱེད་མི་ཆོག་ཅེས་རྒྱ་ནག་དམར་ཤོག་ཚོགས་པས་གཟའ་ལྷག་པའི་ཉིན་ཚོགས་མི་ཚོརཉེན་བརྡ་བཏང་ཡོད་པ་རོ་ཡེ་ཊར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག རྒྱ་ནག་དམར་ཤོག་ཚོགས་པས་བཏང་བའི་ཉེན་བརྡ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཚོགས་མི་ཚོའི་རྨོངས་དད་ཀྱི་བྱ་སྤྱོད་ཐེར་འདོན་བྱ་ཐབས་ཞིག་ལ་ངོས་འཛིན་བཞིན་འདུག

རྒྱ་ནག་གི་རྩ་ཁྲིམས་སུ་ཆོས་ལུགས་དད་མོས་རང་དབང་ཡིན་ཞེས་གཏན་ལ་ཕབ། རྒྱ་ནག་གི་མི་ཚོས་རང་རང་སོ་སོའི་འདོད་མོས་ལྟར་ནང་ཆོས་དང་ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་སོགས་ཆོས་ལུགས་གང་ལ་དད་མོས་བྱས་ཀྱང་སྲིད་གཞུང་གིས་དེ་ལ་གུས་བརྩི་དང་འགན་སྲུང་ཡོད་ཅེས་ཁྱབ་བསྒྲགས་བྱས་དམར་ཤོག་ཚོགས་པ་རང་ངོས་ནས་ལྷ་མེད་སྨྲ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། དམར་ཤོག་ཚོགས་པའི་ཁྲིམས་སྲོལ་དུའང་གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་ཅེས་གཏན་ཁེལ། དམར་
ཤོག་ཚོགས་པའི་ཚོགས་མི་རྣམས་ཆོས་ལུགས་དད་མོས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་སྟེ། ཉེ་བའི་ལོ་འདི་་དག་གི་རིང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་ཆོས་ལུགས་དད་མོས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་མཁན་ཡོད་པར་བརྟེན། ཚོགས་མི་དེ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པའམ། ཡང་ན་ལས་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་ཀྱང་མང་པོ་བྱུང་འདུག

རྒྱལ་ཁབ་སྤྱིའི་རྩ་ཁྲིམས་སུ་ཆོས་ལུགས་དད་མོས་རང་དབང་ཡིན་ཞེས་གཏན་ཁེལ་རུང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་ཅེས་བཀག་ཡོད་པ་གཉིས་རྒྱབ་འགལ་དུ་གྱུར། ཉེ་ཆར་སྤྱི་ཟླ་༡་པའི་ཚེས་༣༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དོན་ཚན་ཉི་ཤུ་ཅན་གྱི་ཏང་གི་ཆབ་སྲིད་བཅོས་སྐྱོང་གི་བསམ་ཚུལ་ཡི་གེ་ཞེས་པ་ཞིག་བཏོན་ཡོད་པའི་ནང་དོན་གཙོ་བོ་ཞིག་དམར་ཤོག་ཚོགས་པའི་ཚོགས་མི་དག་གི་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་ཡོད་དགོས་ཞེས་བསྟན། ཏང་གི་ཆབ་སྲིད་ཀྱི་ལྟ་བ་ཞེས་པ་ནི་ངེས་པར་དུ་མར་ཁི་སི་ལེ་ཉིན་རིང་ལུགས་ཀྱིས་བསམ་བློའི་སློབ་སྟོན་བྱ་རྒྱུ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་དགོས། དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ལ་ཞིས་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལྡན་དགོས་པར་མ་ཟད། མར་ལེ་རིང་ལུགས་དང་ཞིས་ཅིན་ཕིང་གི་བསམ་བློའི་དགོངས་དོན་ལྟར་མི་དམངས་ལ་སློབ་གསོ་བཏང་སྟེ་མི་དམངས་ཀྱི་སེམས་གཏིང་ལ་ཟུག་ཏུ་འཇུག་དགོས་ཞེས་བཀོད།།

མར་ལེ་རིང་ལུགས་ལ་ཡིད་ཆེས་མི་བྱེད་པར་ལྷ་འདྲེ་ལ་ཡིད་ཆེད་བྱ་རྒྱུ་གཏན་འགོག་དང་གནས་ལུགས་ལ་ཡིད་ཆེས་མི་བྱེད་པར་སྒོར་མོར་ཡིད་ཆེས་བྱ་རྒྱུའང་གཏན་དུ་བཀག དེ་མིན་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་རྣམས་ཁས་མི་ལེན་མཁན་དང་དེ་ལ་བཅོས་སྒྱུར། ད་དུང་འཁྱོག་བཤད་བྱེད་མཁན་སུ་ཞིག་ཡིན་རུང་མི་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས། གཞན་ཡང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ན་ནིང་མ་ཁེ་སི་སྐུ་འཁྲུངས་ནས་ལོ་༢༠༠་འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་ཏུ་གཏམ་བཤད་བྱས་པའི་ནང་དོན་ལྟར་ན་རྒྱ་ནག་དམར་ཤོག་ཚོགས་པས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་གཞུང་ལུགས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་ནི་ཧ་ཅང་གི་ཡང་དག་པ་ཞིག་ཡིན་ཞེས་བཤད། ཡིན་ནའང་རྒྱ་ནག་གི་སྲོལ་རྒྱུན་དང་ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་རྣམས་རྟེན་འབྲེལ་བརྟག་རྒྱུ་དང་མོ་ལུང་ཞུ་རྒྱུར་ཧ་ཅང་དགའ་ཞིང་། རྒྱལ་ཁབ་ལ་ནང་འཁྲུག་ཟིང་ཆ་སོགས་བྱུང་ན་དེ་མ་ཐག་ཏུ་རྨོངས་དད་ཀྱི་སྒོ་ནས་ཐབས་ལམ་འཚོལ་ཐབས་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་སྲོལ་རྒྱུན་ལྟ་བུ་ཞིག་ཏུ་གྱུར་ཏོ།།

XS
SM
MD
LG