ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧྭ་ཝེ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས་མ་འོངས་པའི་ཐོན་རིམ་ལྔ་པའི་བརྡ་འཕྲིན་མ་ལག་བེད་སྤྱོད་བྱེད་སྐབས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་བཟོས་པའི་བརྡ་འཕྲིན་ཡོ་ཆས་རྣམས་བེད་སྤྱོད་གཏོང་མིན་ཐག་མ་ཆོད་པར་ལུས་ཡོད་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕི་འོ་ཡིས་ཨ་རིས་མ་འོངས་པར་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་སྒྲིག་ཆས་བེད་སྤྱོད་བྱེད་མཁན་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱ་རྒྱུ་མིན་ཞེས་ཉེན་བརྡ་བཏང་འདུག འདི་ནི་བདུན་ཕྲག་འདིར་དབྱིན་ཡུལ་དང་ནེའུ་ཟི་ལན་ཌི། ཨི་ཐ་ལི་བཅས་ཀྱིས་མ་འོངས་པའི་ཐོན་རིམ་ལྔ་པའི་བརྡ་འཕྲིན་མ་ལག་གི་གྲས་སུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་ཡོ་བྱད་རྣམས་མུ་མཐུད་དུ་བཀོལ་འཆར་ཡོད་པའི་ལྟ་ཚུལ་བརྗོད་པའི་རྗེས་སུ་ཨ་མི་རི་ཀས་དེ་ལ་ལན་འདེབས་བྱས་འདུག

ཁ་སང་སྤྱི་ཚེས་༢༡་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེར་ཨ་རིའི་ཧྥོ་ཁི་ཤི་གསར་འགྱུར་ལས་ཁང་གིས་བཅར་འདྲི་ཞུས་སྐབས་གོང་གི་ཉེན་བརྡ་བཏང་བ་དང་། སྐབས་དེར་ཁོ་པས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་སུ་ཞིག་གིས་མ་འོངས་པར་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་བཟོས་པའི་བརྡ་འཕྲིན་ཡོ་ཆས་རྣམས་རྒྱལ་ཁབ་དེ་དག་གི་གནད་འགག་ཅན་གྱི་བརྡ་འཕྲིན་མ་ལག་གི་ཁོངས་སུ་བེད་སྤྱོད་བཏང་བ་ཡིན་ན་ཨ་རིའི་གཞུང་གིས་རྒྱལ་ཁབ་དེ་དག་ལ་བརྡ་འཕྲིན་གྱི་ཡོ་བྱད་རྣམས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་མིན་པར་མ་ཟད། མ་འོངས་པར་རྒྱལ་ཁབ་དེ་ཚོར་ཨ་མི་རི་ཀས་མཉམ་ལས་ཀྱང་བྱ་ཐབས་མེད་ཅེས་བཤད། ཁ་སང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་ཊོས་ཊར་དྲྭ་ལམ་དུ་ཨ་མི་རི་ཀས་མ་འོངས་པར་འགྲན་རྩོད་ཀྱི་ལམ་ཁ་བརྒྱུད་ནས་རྒྱལ་ཁ་ལེན་རྒྱུ་ཡིན་པ་ལས། ད་ལྟའི་སྔོན་ཐོན་ཅན་གྱི་བརྡ་འཕྲིན་ལག་རྩལ་གྱི་རིགས་ལ་བཀག་འགོག་བྱ་རྒྱུའི་འཆར་གཞི་མིན་ཞེས་བཀྲལ།།

བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཉིན་ལྔའི་རིང་ལ་ཡུ་རོབ་རྒྱལ་ཁབ་ཧང་གྷ་རི་དང་སི་ལོ་ཝྭ་ཀི་ཡ། ཕོ་ལན་ཌི། བྷེལ་ཇེམ། འཁྱག་གླིང་སོགས་རྒྱལ་ཁབ་ཁག་ཅིག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་རྗེས་སུ་གསར་འགོད་པ་ཚོར་བརྗོད་དོན། ད་སྔ་ཨ་རིས་འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཧྭ་ཝེ་དང་འབྲེལ་བའི་གནས་ཚུལ་རྣམས་གསལ་བོར་བཤད་ཡོད། ངའི་བསམ་པར་རྒྱལ་ཁབ་འདི་དག་གིས་ཀྱང་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་ཡོ་ཆས་རྣམས་ཉེན་ཁ་ཡོད་པ་གསལ་བོར་ཤེས་པ་ཡིན་ན་མ་འོངས་པར་ཐག་གཅོད་ཡག་པོ་ཞིག་བྱེད་ངེས་རེད། ང་ཚོས་ཧྭ་ཝེའི་བརྡ་འཕྲིན་མ་ལག་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་སོགས་རྒྱ་ནག་གི་དམག་སྡེ་དང་མཉམ་འབྲེལ་བྱས་ནས་ཇུས་འགོད་བྱས་ཡོད་པས་ཧྭ་ཝེའི་སྒྲིག་ཆས་བེད་སྤྱོད་གཏོང་མཁན་གྱི་རྒྱལ་ཁབ་ཁག་དང་རྒྱལ་ཁབ་དེ་དག་གི་མི་དམངས་ཀྱི་བདེ་འཇགས་བཅས་ལ་ཉེན་ཁ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པ་གཏན་ནས་བརྗེད་མི་ཉན་ཞེས་བཤད་འདུག

འོན་ཀྱང་རྒྱ་ནག་གཞུང་དང་ཧྭ་ཝེ་བཟོ་ཚོང་ཁང་གིས་ཧྭ་ཝེའི་བརྡ་འཕྲིན་སྒྲིག་ཆས་བརྒྱུད་ནས་རྒྱལ་ཁབ་གཞན་ལ་གསང་མྱུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ལ་གཏན་ནས་ངོས་ལེན་བྱེད་ཀྱི་མེད་ཅིང་། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་འཛུགས་མཁན་དང་སྤྱིའི་འགན་འཛིན་རིན་ཀྲིན་ཧྥོས་ཡིས་ཧྭ་ཝེའི་བརྡ་འཕྲི་ཡོ་ཆས་ནང་དུ་གསང་མྱུལ་བྱེད་ཐབས་ཀྱི་སྒྲིག་ཆས་འཇུག་རྒྱུ་ནི་གཏན་ནས་དཔེ་མི་སྲིད་པ་ཞིག་ཡིན། རྒྱ་ནག་རང་གི་ཁྲིམས་ལུགས་ལའང་དེ་འདྲ་བྱེད་མི་ཆོག་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་རེད་ཅེས་བཤད། ད་ལྟ་བཟོ་སྐྲུན་བྱེད་བཞིན་པའི་རྒྱལ་སྤྱིའི་བརྡ་འཕྲིན་ཐོན་རིམ་ལྔ་པའི་ལག་རྩལ་ལ་རྒྱལ་ཁབ་མང་པོས་འགྲན་རྩོད་བྱེད་ཀྱི་ཡོད་པ་དང་། ཁ་སང་སྤྱི་ཚེས་༢༡་ཉིན་ཨ་རིའི་སྲིད་འཛིན་གྱིས་ཊོས་ཊར་ཁྲི་བས་དྲྭ་ལམ་དུ་ཐོན་རིམ་ལྔ་པའམ། ཡང་ན་ཐོན་རིམ་དྲུག་པའི་བརྡ་འཕྲིན་ལག་རྩལ་ཨ་རིའི་ནང་དུ་ཁྱབ་བརྡལ་གཏོང་བར་འབད་བརྩོན་ཆེན་པོ་བྱེད་དགོས། དེ་ལྟར་མ་བྱུང་ན་ཨ་རི་རྗེས་ལུས་ཐེབས་ངེས་རེད་ཅེས་ཨ་རིའི་བཟོ་ཚོང་ཁང་ཁག་ལ་འབོད་སྐུལ་ཞུས་འདུག

XS
SM
MD
LG