༄༅།། འདས་པའི་ལོ་ཤས་ཤིག་ཏུ་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག ལྷོ་ཨེ་ཤི་ཡ་སོགས་ཀྱི་ཡུལ་གྲུ་ཁག་གི་ཁ་ཆེའི་ན་གཞོན་མ་མང་པོ་ཞིག་མནའ་མར་སོང་སྟེ་འཛམ་གླིང་ཡོངས་སུ་ཁ་ཆེའི་རྒྱལ་ཁམས་ཀྱིས་དབང་སྒྱུར་བྱ་རྒྱུའི་འཐབ་རྒོལ་ལས་འགུལ་དུ་ཞུགས། ད་ལྟ་ཨི་རཀ་དང་སི་རི་ཡའི་ས་ཐོག་གི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་རྩད་མེད་བཏང་སྟེ་ཕྲུ་གུའི་ཨ་མར་གྱུར་པའི་ཁ་ཆེའི་ན་གཞོན་མ་དེ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་ས་མེད་པར་སི་རི་ཡའི་ས་ཐོག་ཏུ་སྐྱབས་བཅོལ་བའི་སྡོད་སྒར་ཁག་ཏུ་འགགས། དཔེར་ན་ཧོ་དྷ་མུ་ཐ་ན་ཞེས་པ་ནི་ཨ་མི་རི་ཀའི་ལྷོ་ཕྱོགས་ཀྱི་ཨ་ལཱ་བྷ་མ་མངའ་སྡེར་འཚར་ལོངས་བྱུང་བ་དང་ཁོ་མོ་ཨ་མི་རི་ཀའི་སྤྱི་དམངས་ཡིན་རུང་ལོ་ཤས་གོང་དུ་ཧོ་དྷ་རང་ལོ་༢༠་ཐོག་ཏུ་ཨ་མི་རི་ཀ་ནས་ཏུར་ཀི་རྒྱལ་ཁབ་ཏུ་སོང་། དེ་ནས་ཁོ་མོ་སི་རི་ཡའི་ས་མཚམས་བརྒལ་ནས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་སྒྲིག་འཛུགས་ཁོངས་སུ་ཞུགས་ནས་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་གཉེན་སྒྲིག་བྱས་ནས་ཕྲུ་གུ་ཞིག་སྐྱེས། ཁོ་མོས་བརྙན་འཕྲིན་ནང་དུ་འཛམ་གླིང་གི་ཁ་ཆེ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱ་དགོས་ཞེས་དྲིལ་བསྒྲགས་སྤེལ།།
དེང་སྐབས་ཧོ་དྷ་མུ་ཐ་ན་རང་ལོ་༢༤་ལ་སོན་ཡོད་པ་དང་ཁོ་མོ་ཨ་མི་རི་ཀར་ཕྱིར་བྱ་འཆར་ཡོད་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཧོ་དྷ་མུ་ཐ་ན་ཨ་མི་རི་ཀར་ཕྱིར་ལོག་བྱ་ས་མེད། ཁོ་མོ་ཨ་མི་རི་ཀའི་སྤྱི་དམངས་མིན་པ་དང་འགྲིམ་འགྲུལ་བྱེད་ཆོག་པའི་ཨ་རིའི་པ་སི་མེད་ཅེས་བཀག ད་དུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་ཕྱི་སྲིད་དྲུང་ཆེའི་ཐག་གཅོད་དེར་རྒྱབ་སྐྱོར་གྱིས་ངས་ཨ་རིའི་ཕྱི་སྲིད་དྲུང་ཆེར་ཧོ་དྷ་མུ་ཐ་ན་ཨ་མི་རི་ཀར་ཕྱིར་ལོག་བྱེད་དུ་འཇུག་མི་དགོས་ཞེས་བཀོད་ཁྱབ་བཏང་བ་ཡིན། འཇིགས་སྐུལ་རིང་ལུགས་པའི་ཆུང་མ་ཞིག་ཨ་མི་རི་ཀར་ཡོང་ས་མེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཞིག་སྤེལ་མོད། འོན་ཀྱང་ཉེ་ཆར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བའི་ཆུང་མ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་བཅུག་སྟེ་ཁྲིམས་བཤེར་བྱ་དགོས་ཞེས་ནན་བརྗོད་བྱས་ཤིང་། ཧོ་དྷའི་ཕ་མ་དང་ཁྲིམས་རྩོད་པ་སོགས་ཀྱིས་ན་གཞོན་མ་མུ་ཐ་ན་ཨ་མི་རི་ཀའི་སྤྱི་དམངས་ཡིན། ཁོ་མོར་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག་པའི་ཐོབ་ཐང་ཡོད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བའི་ཆུང་མ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་བཤད་ཀྱང་ཧོ་དྷ་མུ་ཐ་ན་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་གི་མེད་པ་ཁྱད་མཚར་ཞིག་རེད་ཅེས་དགག་པ་བརྒྱབ།།
ཧོ་དྷ་མུ་ཐ་ན་ནི་༡༩༩༤་ལོར་ཨ་རིའི་ནེའུ་འཇར་སི་མངའ་སྡེའི་ཧེ་ཀེན་སཀ་ས་གནས་སུ་སྐྱེས་ཏེ་ཨ་མི་རི་ཀའི་པ་སི་ཡོད་ཅིང་། ཁོ་མོས་ཕ་མ་ཚོར་ཏུར་ཀི་རྒྱལ་ཁབ་ཀྱི་སློབ་ཆེན་ཞིག་འགྲིམ་དུ་སྐྱོད་ཀྱི་ཡོད་ཅེས་རྫུན་བཤད་ནས་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་སྒྲིག་ཁོངས་སུ་ཞུགས། ཁྲིམས་རྩོད་པ་ཧ་སན་ཤིབ་ལིས་མི་ཞིག་གིས་ཁྲིམས་འགལ་བྱས་པ་ཙམ་གྱིས་ཨ་མི་རི་ཀའི་གཞུང་གིས་མི་དེའི་སྤྱི་དམངས་ཐོབ་ཐང་བཙན་འཕྲོག་བྱེད་ཆོག་གི་མེད། འདི་ནི་ཨ་མི་རི་ཀའི་ལམ་སྲོལ་ལ་རྒྱབ་འགལ་ཡིན། ཁོ་མོར་ཁྲིམས་བཤེར་བྱས་ནས་ནག་ཉེས་འཐོན་ན་བཙོན་ཁང་དུ་འཇུག་ཆོག་ཅེས་བཤད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོ་དྷ་མུ་ཐ་ན་ནི་ཨ་མི་རི་ཀའི་སྤྱི་དམངས་མིན་པ་དང་ཁོ་མོར་ཁྲིམས་ལུགས་ལྟར་རང་གི་ཐོབ་ཐང་རྩོད་ཆོག་པའི་གཞི་རྩ་འཛིན་ས་མེད། ཁོ་མོར་ཨ་རིའི་པ་སི་དང་ཨ་རིར་ཡོང་ཆོག་པའི་ཐོངས་མཆན་མེད། ཧོ་དྷ་མུ་ཐ་ན་ཨ་མི་རི་ཀར་གཏན་ནས་ཡོང་ཆོག་གི་མེད་ཅེས་བསྒྲགས།།
ཉམས་ཞིབ་པ་ཚོས་ན་གཞོན་མ་མུ་ཐ་ནའི་ཨ་ཕ་ནི་ཡེ་མན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣ་ཞིག་ཡིན་པ་དང་ཨ་མི་རི་ཀའི་ས་ཐོག་ཏུ་སྐྱེས་པའི་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་ཚོའི་བུ་ཕྲུག་ལ་ཨ་མི་རི་ཀའི་སྤྱི་དམངས་ཀྱི་ཐོབ་ཐང་མེད། ཁོ་ཚོ་ཨ་རིའི་ཁྲིམས་འོག་ཏུ་མི་འདུ་བས་ཨ་རིའི་སྤྱི་དམངས་ཀྱི་ཐོབ་ཐང་མེད་ཅེས་བཤད་ཀྱང་ཧོ་དྷ་མུ་ཐ་ནས་ཨ་མི་རི་ཀའི་པ་སི་བླངས་ནས་ཏུར་ཀི་རྒྱལ་ཁབ་ལ་བསྐྱོད་འདུག ཁོ་ཚོ་སི་རི་ཡར་འབྱོར་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ན་གཞོན་མ་གསུམ་གྱི་པ་སིའི་འདྲ་པར་རྣམས་དྲྭ་ལམ་དུ་བཀྲམ་པའི་གཅིག་ནི་ཧོ་དྷ་མུ་ཐ་ནའི་ཨ་མི་རི་ཀའི་པ་སི་རེད་ཅེས་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ། ཁྲིམས་རྩོད་པས་ཧོ་དྷ་མུ་ཐ་ན་སྐྱེས་དུས་ཨ་ཕ་ཡེ་མན་གྱི་ཕྱི་འབྲེལ་མི་སྣ་མ་རེད་ཅེས་རྩོད་པ་རྒྱག་གི་ཡོད་ཅིང་། ད་ལྟ་ཧོ་དྷ་མུ་ཐ་ནར་ལོ་གཅིག་དང་ཟླ་བ་༦་ལ་སོན་པའི་བུ་ཞིག་སྐྱེས་ཡོད་པར་མ་ཟད། ཁོ་མོས་ང་ནི་རྙོག་འཛིང་དཀྱིལ་ནས་ཐར་རྒྱུ་བྱུང་བ་དང་མིའི་དྲན་ཡུལ་ནས་གཏིང་བརྗེད་དུ་སོང་ན་སྙམ། ང་རང་གི་བྱས་ཉེས་དེ་ཚོར་འགྱོད་པ་དྲག་པོ་སྐྱེ་ཡི་འདུག ཨ་མི་རི་ཀ་བ་ཚོས་ང་ཉེན་ཀ་ཞིག་ལ་ངོས་འཛིན་མི་བྱེད་པར་སྤྱི་མཚུངས་ཀྱི་འགྲོ་བ་མི་ཞིག་ལ་ངོས་ལེན་བྱེད་ཐུབ་པའི་རེ་བ་ཡོད། ང་ནི་གཞན་གྱི་མགོ་སྐོར་འོག་ཏུ་ཚུད་པའི་མི་ཞིག་ཡིན། ང་ཐེངས་གཅིག་ལ་གཞན་གྱི་མགོ་སྐོར་འོག་ཏུ་ཚུད་ཀྱང་མ་འོངས་པར་གཏན་ནས་གཞན་གྱི་མགོ་སྐོར་འོག་ཏུ་མི་ཚུད་པའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད།།
འདི་ཙམ་ན་དབྱིན་ཡུལ་དུ་སྐྱེས་པའི་ཁ་ཆེའི་ན་གཞོན་མ་སྟེ། ཤ་མི་མ་བྷེ་གྷམ་ཟེར་པ་ཞིག་ཀྱང་དབྱིན་ཇིའི་གཞུང་གིས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་གི་མེད་ཅིང་། དབྱིན་ཇིའི་གཞུང་གིས་ཀྱང་ན་གཞོན་མ་བྷེ་གྷམ་གྱི་དབྱིན་ཇིའི་སྤྱི་དམངས་ཐོབ་ཐང་ཕྱིར་བསྡུ་བྱས་ཏེ་ཁོ་མོ་བྷང་ག་ལའི་སྤྱི་དམངས་རེད་ཅེས་བཀྲལ། ཡིན་ནའང་བྷང་ག་ལའི་གཞུང་གིས་ང་ཚོར་འཇིགས་སྐུལ་རིང་ལུགས་པའི་ཆུང་མ་ཞིག་བྷང་ག་ལའི་ས་ཐོག་ལ་ཡོང་དུ་འཇུག་འདོད་མེད། ཤ་མི་མ་བྷེ་གྷམ་གྱི་ཕ་མ་གཉིས་བྷང་ག་ལའི་མི་ཁོངས་ཡིན་སྲིད་ཀྱང་ན་གཞོན་མ་བྷེ་གྷམ་ནི་དབྱིན་ཡུལ་དུ་སྐྱེས་པའི་དབྱིན་ཇིའི་སྤྱི་དམངས་རེད་ཅེས་བདག་པོ་རྒྱག་གི་མེད་པ་དང་། ༢༠༡༥་ལོར་ཤ་མི་མ་བྷེ་གྷམ་དབྱིན་ཡུལ་ནས་བྲོས་བྱོལ་དུ་སོང་སྟེ་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་སྒྲིག་ཁོངས་སུ་ཞུགས་ནས་དྲག་སྤྱོད་པ་ཞིག་གི་ཆུང་མར་གྱུར། ཧོ་དྷ་དང་ཤ་མི་མ་སོགས་འདྲ་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱེས་པའི་ཁ་ཆེའི་ན་གཞོན་མ་མང་པོ་ཞིག་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་སྒྲིག་ཁོངས་སུ་ཞུགས་ནས་འཇིགས་སྐུལ་རིང་ལུགས་པའི་ཆུང་མ་བྱས་པ་དང་བརྙན་འཕྲིན་ནང་དུ་དྲིལ་བསྒྲགས་ཀྱི་གཏམ་བཤད་སྤེལ་བ། ཁོ་ཚོས་རང་གི་སྐྱེས་ཡུལ་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱ་དགོས་ཞེས་སྐུལ་སློང་བྱས་མྱོང་། གཟའ་འཁོར་སྔོན་མར་ཁ་ཆེ་རྒྱལ་ཁམས་ཀྱི་བཙན་ས་མཐའ་མར་གཏོར་རྒོལ་བྱས་ནས་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་དེ་ཡོངས་སུ་ཕམ་པར་བརྒྱབ་པས་ན་གཞོན་ཆུང་མ་དེ་ཚོར་ཆགས་ས་རྟེན་ས་མེད་པར་གྱུར། ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་མ་གཏོགས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་འཇིགས་སྐུལ་རིང་བའི་ཆུང་མ་བྱེད་དུ་སོང་བའི་ན་གཞོན་མ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་གི་མེད་པ་རེད།།