ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༠༤/༠༡

བ་སོའི་ནག་ཚོང་རྒྱལ་མོ་དབྱང་ཧྥེང་ལན།


༄༅།། རྒྱ་ནག་གི་བ་སོའི་ནག་ཚོང་རྒྱལ་མོར་གྲགས་པའི་དབྱང་ཧྥེང་ལན་ལ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཐན་ཟ་ཎི་ཡའི་གཞུང་གིས་ལོ་༡༥་ལ་བཙོན་འཇུག་གི་ཁྲིམས་བཅད་པར་རྒྱ་ནག་གཞུང་གིས་ཐན་ཟ་ཎི་ཡའི་ཁྲིམས་གཅོད་དེར་རྒྱབ་སྐྱོར་བྱས་ནས་འཛམ་གླིང་འདིར་རྩ་སྟོང་འགྲོ་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཤ་རུས་ཀོ་ལྤགས་སོགས་ཀྱི་ནག་ཚོང་ལ་རྒྱ་ནག་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་བསྟན་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་ཐན་ཟ་ཎི་ཡའི་གཞུང་གིས་ཞིབ་འཇུག་དང་དྲང་བདེན་གྱི་ཁྲིམས་བཤེར་བྱས་ནས་གླང་ཆེན་གྱི་བ་སོའི་ནག་ཚོང་རྒྱག་མཁན་ཞིག་ཁྲིམས་ལ་སྦྱར་པར་ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་དང་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་འབྲེལ་བྱས་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་ཁྲིམས་འགལ་གྱི་ནག་ཚོང་དེར་བཀག་སྡོམ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད།།

དབྱང་ཧྥེང་ལན་གྱིས་གླང་ཆེན་མཆེ་བ་༧༠༠་ཡས་མས་ཤིག་ལྐོག་ཏུ་ཉོས་ནས་ཁོ་མོ་ཨ་ཧྥི་རི་ཀའི་གླང་ཆེན་སྡེབ་གསོད་ཀྱི་ཁྲིམས་འགལ་ནག་ཚོང་ལ་འབྲེལ་བ་ཆེན་པོ་ཡོད་ཅིང་། དབྱང་ཧྥེང་ལན་གྱིས་ཨ་ཧྥི་རི་ཀ་ནས་གླང་ཆེན་མཆེ་བ་ལྐོག་ཉོ་བྱས་པ་རྣམས་རྒྱ་ནག་དང་ཧོང་ཀོང་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བ་སོའི་ཁྲོམ་ར་ཁག་ཏུ་བཙོང་གི་ཡོད་ཅིང་། དེར་བརྟེན་ཨ་ཧྥི་རི་ཀའི་གླང་ཆེན་རྣམས་རྩ་སྟོང་འགྲོ་གྲབས་སུ་གྱུར་ཏེ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་མཉམ་འབྲེལ་བྱས་ནས་གླང་ཆེན་དང་རི་དྭགས་བསེ་རུ། འདམ་སེང་དང་སྟག གཟིག་དང་སྲོག་ཆགས་དཀོན་པོ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་མ་ཟད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་ཀྱང་བ་སོའི་ནག་ཚོང་ཁྲིམས་འགལ་དུ་བསྒྱུར་ཏེ་སྔ་ལོ་རྒྱ་ནག་གི་ཁྲོམ་རའི་ནང་དུ་བ་སོའི་ཐོན་རྫས་རྣམས་བཙོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་འགོ་ཚུགས། ཡིན་ནའང་རྒྱ་ནག་གི་ཁྲོམ་རའི་ནང་དུ་བ་སོའི་ཐོན་སྐྱེད་བཙོང་མི་ཆོག་པའི་བཀག་སྡོམ་བྱས་པ་ཧོང་ཀོང་ལ་ཁྱབ་ཀྱི་མེད་པས་ཧོང་ཀོང་ནས་རྒྱ་ནག་ལ་གླང་ཆེན་མཆེ་བ་དང་བ་སོའི་ཐོན་སྐྱེད་རྣམས་སྐྱེལ་འདྲེན་བྱེད་ཀྱི་ཡོད་ཀྱང་༢༠༢༡་ལོར་བ་སོའི་ཚོང་ལས་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་ཐུབ་པའི་ཤུགས་སྣོན་རྒྱག་གི་ཡོད་པ་རེད།།

རྒྱ་ནག་གཙོ་བོར་གྱུར་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་བ་སོའི་ཐོན་རྫས་དགོས་མཁོ་ཆེ་བའི་སྟབས་ཀྱིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཐན་ཟ་ཎི་ཡ་གཅིག་པུར་གླང་ཆེན་འབུམ་༡་དང་ཁྲི་ཚོ་༡་ལྷག་ཡོད་ཀྱང་༢༠༠༩་ནས་༢༠༡༤་བར་དུ་གླང་ཆེན་གྱི་གྲངས་འབོར་བརྒྱ་ཆ་༦༠་ཇེ་ཉུང་དུ་སོང་བ་སྟེ། དེང་སྐབས་ཐན་ཟ་ཎི་ཡ་རྒྱལ་ཡོངས་སུ་གླང་ཆེན་༤༣༠༠༠་ཡས་མས་ཤིག་ལས་ལྷག་མེད་ཅིང་། ཉེ་དུས་ཤིག་ནས་ཐན་ཟ་ཎི་ཡའི་གླང་ཆེན་གྱི་གྲངས་འབོར་བསྐྱར་འཕེལ་འབྱུང་གི་ཡོད་པའི་རྟགས་མཚན་གང་འཚམ་ཞིག་ཐོན་འདུག ལོ་ན་༦༩་ལ་སོན་པའི་དབྱང་ཧྥེང་ལན་དུས་རབས་སྔོན་མའི་ལོ་རབས་༧༠་བ་ནས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཐན་ཟ་ཎི་ཡར་གཞིས་ཆགས་ཏེ་རྒྱ་ནག་དང་ཨ་ཧྥི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་བཟུང་། ཁོ་མོས་ཕྱི་ལོ་༢༠༠༠་ནས་༢༠༠༤་བར་དུ་གླང་ཆེན་༣༥༠་ལྷག་གི་མཆེ་བ་ལྐོག་ཉོ་བྱས་ནས་ཨ་སྒོར་ས་ཡ་༥་དང་འབུམ་༦་གི་ནག་ཚོང་བརྒྱབ། ཐན་ཟ་ཎི་ཡའི་ཁྲིམས་ཁང་གི་ཁྲིམས་ཞིབ་པས་དབྱང་ཧྥེང་ལན་ནི་ཐན་ཟ་ཎི་ཡའི་ནག་ཚོང་རུ་ཚོགས་ཤིག་གི་འགོ་ཁྲིད་ཡིན་པ་དང་ཁོ་མོའི་རོགས་པ་གཉིས་ལའང་གླང་ཆེན་མཆེ་བ་ནག་ཚོང་བརྒྱབ་པར་ཁྲོམ་རའི་རིན་གོང་ལྟར་ལྡབ་གཉིས་ཀྱི་དཔལ་འབྱོར་ཉེས་ཆད་འཁུར་པའམ། ཡང་ན་ལོ་མང་གི་བཙོན་འཇུག་ཁྲིམས་གཅོད་མྱོང་རྒྱུའི་གདམ་ཀ་སྤྲད་འདུག

ཁྲིམས་ཁང་གི་ཡིག་ཆའི་ནང་དུ་ནག་ཚོང་རྒྱག་མཁན་རུ་ཚོགས་དེས་གླང་ཆེན་མཆེ་བ་དང་བསེ་རུའི་རྭ། འདམ་སེང་དང་སྟག་གཟིག་སོགས་ཀྱི་ཤ་རུས་ཀོ་ལྤགས་རྣམས་ནག་ཚོང་བརྒྱབ་པ་དང་སྐྱེལ་འདྲེན་བྱས་པ། ཁྲིམས་འགལ་གྱི་ནག་ཚོང་དེར་འགྲོ་གྲོན་བཏང་ནས་རི་སྐྱེས་སེམས་ཅན་དཀོན་རིགས་ཊོན་༡༨༨༩་ཙམ་བསད་ནས་ནག་ཚོང་བརྒྱབ་པའི་ནག་ཉེས་བཙུགས། རྒྱ་ནག་དང་ཝི་ཏེ་ནམ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་བ་སོའི་རྒྱན་ཆ་དང་ཅ་ལག་བཟོ་སྐྲུན་བྱེད་ཀྱི་ཡོད་པས་འཛམ་གླིང་གི་གླང་ཆེན་རྣམས་རྩ་སྟོང་འགྲོ་རྒྱུའི་གནས་སུ་ལྷུང་། ༢༠༡༦་ལོའི་ཕྱི་ཟླ་༣་ནང་དུའང་ཐན་ཟ་ཎི་ཡའི་གཞུང་གིས་རྒྱ་ནག་པ་གཉིས་ལ་བ་སོ་ནག་ཚོང་བརྒྱབ་པའི་ཉེས་ཁྲིམས་ཐོག་ཏུ་ལོ་༣༥་རེའི་བཙོན་འཇུག་གི་ཁྲིམས་བཅད། ༢༠༡༥་ལོའི་ཕྱི་ཟླ་༡༢་ནང་དུ་ཐན་ཟ་ཎི་ཡའི་ཁྲིམས་ཁང་གཞན་ཞིག་གིས་རྒྱ་ནག་པ་༤་ལ་གླང་ཆེན་མཆེ་བ་དང་བསེ་རུའི་རྭ་ནག་ཚོང་བརྒྱབ་པའི་ནག་ཉེས་ཐོག་ཏུ་་ལོ་༢༠་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་དོ།།

XS
SM
MD
LG