ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དང་ཝི་ཏེ་ནམ་གྱི་དམག་འཁྲུག་ལ་རྗེས་དྲན།


༄༅།། དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་བརྩད་ནས་རྒྱ་ནག་དང་ཝི་ཏེ་ནམ་གྱི་འབྲེལ་བ་བཟང་པོ་མེད་པར་ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པའི་སྐབས་འདིར་༡༩༧༩་ལོར་རྒྱ་ནག་གིས་ཝི་ཏེ་ནམ་ལ་དམག་བརྒྱབ་ནས་ས་མཚམས་ཀྱི་འཁྲུག་རྩོད་ལངས་ཏེ་ལོ་༤༠་འཁོར་བ་སོགས་ལ་རྒྱ་ནག་གིས་གཞུང་འབྲེལ་གྱི་རྗེས་དྲན་མཛད་སྒོ་སོགས་གང་ཡང་སྤེལ་དུ་འཇུག་གི་མེད། འོན་ཀྱང་གཟའ་ཉི་མའི་ཉིན་རྒྱ་ནག་གི་དམག་ཞབས་ཟུར་པ་ཁག་ཅིག་ཆིང་ཏའོ་གྲོང་ཁྱེར་དུ་མཉམ་འཛོམས་བྱས་ནས་༡༩༧༩་ལོའི་རྒྱ་ནག་གིས་ཝི་ཏེ་ནམ་ལ་དམག་བརྒྱབ་ནས་ས་མཚམས་ཀྱི་འཐབ་འཁྲུག་ལངས་པར་རྗེས་དྲན་བྱས་ཡོད་པ་སྟེ། ལོ་ན་༦༢་ལ་སོན་པའི་མི་དམངས་བཅིངས་འགྲོལ་དམག་གི་དམག་ཞབས་ཟུར་པ་སུན་ཞིན་གན་དང་འཐབ་གྲོགས་ཟུར་པ་༣༠༠་ལྷག་མཉམ་དུ་འདུས་ནས་རང་གི་འཐབ་གྲོགས་འདས་པོ་ཚོར་རྗེས་དྲན་དང་མྱ་ངན། རྒྱ་ནག་དང་ཝི་ཏེ་ནམ་གཉིས་ཀྱིས་དམག་འཁྲུག་བརྒྱབ་ནས་ལོ་༤༠་འཁོར་བའི་དུས་དྲན་གྱི་ལས་འགུལ་སྤེལ་འདུག རྒྱ་ནག་གི་འགོ་ཁྲིད་ཚོས་ཝི་ཏེ་ནམ་གྱི་དམག་འཁྲུག་གཞུང་འབྲེལ་གྱི་རྗེས་དྲན་གང་ཡང་བྱེད་ཀྱི་མེད་ཀྱང་དམག་ཞབས་ཟུར་པ་དེ་ཚོས་ཡོངས་གྲགས་སུ་དུས་དྲན་དེ་སྲུང་བརྩི་ཞུས་འདུག

དམག་ཞབས་ཟུར་པ་སུན་ཞིན་གན་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་ད་དུང་ཡང་དམག་འཁྲུག་དེར་གཞུང་འབྲེལ་གྱི་རྗེས་དྲན་མཛད་སྒོ་འཚོགས་རྒྱུའི་འདོད་པ་མི་འདུག ཡིན་ནའང་རྒྱ་ནག་རྒྱལ་ཡོངས་ཀྱི་དམག་ཞབས་ཟུར་པ་ཚོས་གཟའ་ཉི་མར་རྒྱ་ནག་དང་ཝི་ཏེ་ནམ་གཉིས་ཀྱིས་དམག་འཁྲུག་བརྒྱབ་ནས་ལོ་༤༠་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་འདུག ཅིའི་ཕྱིར་ཞེ་ན་ང་ཚོར་དམག་འཁྲུག་དེ་ཆེ་མཐོང་ལྡན་པའི་དཔའ་རྟགས་ཀྱི་མཚོན་དོན་ཞིག་ཡིན། ང་ཚོས་སྐབས་དེའི་འཐབ་འཁྲུག་ནང་དུ་ཚེ་སྲོག་ཤོར་པའི་རང་གི་འཐབ་གྲོགས་འདས་པོ་རྣམས་ལ་མྱ་ངན་དང་རྗེས་དྲན་བྱེད་ཀྱི་ཡོད་ཅེས་བཤད། ༡༩༧༩་ལོའི་ཕྱི་ཟླ་༢་པའི་ཚེས་༡༧་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་འབུམ་༦་གིས་ས་མཚམས་བརྒལ་ནས་ཝི་ཏེ་ནམ་ལ་ཕར་རྒོལ་དང་ཝི་ཏེ་ནམ་གྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁེམ་བྷོ་ཌི་ཡར་བཙན་འཛུལ་བྱས་པར་རྒྱ་ནག་གིས་ཝི་ཏེ་ནམ་ལ་རྒོལ་ལན་སློག ཝེ་ཏེ་ནམ་ལ་རྒྱ་ནག་གི་ཚུར་རྒོལ་འགོག་པའི་དམག་དཔུང་ཁྲི་ཚོ་འགའ་ཞིག་ལས་མེད་པ་དང་སྐབས་དེའི་དམག་འཁྲུག་དེ་ཉིད་དུས་ཡུན་བདུན་ཕྲག་༤་ལ་བརྒྱབ་སྟེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་༧༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་དང་ཝེ་ཏེ་ནམ་གྱི་དམག་ཁྲི་ཚོ་འགའ་ཞིག་ལ་སྲོག་སྐྱོག་ཕོག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

གཟའ་མཇུག་དེར་ཝི་ཏེ་ནམ་གྱི་དམར་ཤོག་ཚོགས་པའི་ཚགས་པར་ནང་དུ་༡༩༧༩་ལོའི་དམག་འཁྲུག་ལ་ཆེད་བརྗོད་འགའ་ཞིག་སྤེལ་ནས་གླེང་སློང་བྱས་ཀྱང་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་དང་མི་དམངས་ཉིན་རེའི་ཚགས་པར་སོགས་ཀྱིས་༡༩༧༩་ལོའི་དམག་འཁྲུག་ལ་གླེང་སློང་གང་ཡང་བྱས་མེད་ཅིང་། གཟའ་ཉི་མར་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་དམག་ཞབས་ཟུར་པ་ཉུང་ཤས་རེ་འདུ་འཛོམས་བྱས་ཡོད་པ་དང་ཧྲུན་ཏེ་གྲོང་ཁྱེར་དུ་དམག་ཞབས་ཟུར་པ་ཁག་ཅིག་གིས་ཁྲག་དམར་འགས་པའི་གཟི་བརྗིད་ཅེས་པའི་རྒྱལ་ཞེན་གྱི་གླུ་གཞས་བཏང་བ་སོགས་ཀྱི་བརྙན་འཕྲིན་ཁག་ཅིག་དྲྭ་ལམ་དུ་མཐོང་རྒྱུ་ཡོད་ཀྱང་དུས་ཚོད་འགྲོ་རིམ་བཞིན་རྒྱ་ནག་གི་དམག་ཞབས་ཟུར་པ་རྣམས་མཉམ་འཛོམས་བྱ་རྒྱུ་དཀའ་ངལ་ཆེ་རུ་ཕྱིན་འདུག དཔེར་ན་ལོ་ན་༦༢་ལ་སོན་པའི་དམག་ཞབས་ཟུར་པ་ཁྲེན་ཙེ་ཁྲུན་ཞེས་པ་ཞིག་གིས་བཤད་པ་ལྟར་ན་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེན་ཏུའུ་གྲོང་ཁྱེར་དུ་དམག་ཞབས་ཟུར་པ་རྣམས་མཉམ་འཛོམས་བྱས་མེད་པ་སྟེ། ཝི་ཏེ་ནམ་གྱི་དམག་འཁྲུག་རྗེས་སུ་འཐབ་འཁྲུག་དེར་ཞུགས་པའི་དམག་ཞབས་ཟུར་པ་ཚོ་ཕན་ཚུན་འབྲེལ་བ་ཆད་པ་དང་ང་ཚོས་ལོ་ནས་ལོ་བསྟུད་དེ་འབྲེལ་བ་འཛིན་རྒྱུ་ཁག་པོ་འདུག འཐབ་གྲོགས་ཁག་ཅིག་འདས་གྲོངས་སུ་གྱུར་པ་དང་ང་ཚོ་ཡང་ལོ་ན་རྒས་ཀྱིན་འདུག་ཅེས་བཤད། ཀོང་ཤི་ཞིང་ཆེན་གྱི་ནན་ནིང་ས་གནས་ཀྱི་དམག་ཞབས་ཟུར་པ་ལོ་ཡུའི་མིང་ཡང་ལུས་ཁམས་བདེ་ཐང་མེད་པ་དང་དྲན་ཤེས་ཉམས་པ། ཁོ་པས་རང་ཉིད་མ་གྲོངས་གོང་དུ་ཝི་ཏེ་ནམ་གྱི་དམག་འཁྲུག་ལ་ཞུགས་པའི་འཐབ་མོ་བ་ཚོའི་བྱས་རྗེས་དེར་རྒྱ་ནག་གཞུང་གིས་ངོས་ལེན་བྱ་རྒྱུའི་རེ་བ་འཆང་རུང་རེ་བ་དེ་ཉིད་མངོན་དུ་འགྱུར་ཐུབ་རྒྱུའི་གོ་སྐབས་ཤིན་ཏུ་ཕྲ། ལོ་ཡུའི་མིང་གིས་ངའི་ཀླད་པའི་ནང་དུ་མདེའུ་ཆག་རོ་འགའ་ཞིག་ལུས་ཡོད། སྨན་པ་ཚོས་ངའི་ཀླད་རྩར་སྐྱོན་རྒྱག་རྒྱུ་རེད་བསམས་ཏེ་མདེའུ་ཆག་རོ་ཚང་མ་བཏོན་མ་སོང་། ང་ཚོར་སྲིད་གཞུང་གིས་གང་མགྱོགས་ངོས་འཛིན་ཞིག་འཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།།

ཉམས་ཞིབ་པ་ཚོས་རྒྱ་ནག་གིས་༡༩༧༩་ལོའི་ཝི་ཏེ་ནམ་གྱི་དམག་འཁྲུག་ལ་ཡོངས་གྲགས་སུ་སྲུང་བརྩི་བྱེད་ཀྱི་མེད་པ་ཕྱོགས་གཉིས་ཀྱི་ས་མཚམས་སུ་རྟག་ཏུ་འཁྲུག་རྩོད་གང་འཚམ་རེ་འབྱུང་གི་ཡོད་པར་འབྲེལ་བ་ཡོད། ༡༩༨༨་ལོར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ལག་ཅིག་ནས་ཝི་ཏེ་ནམ་གྱི་མཚོ་དམག་མཐར་སྤྲོད་བཏང་སྟེ་མཚོ་དམག་༦༠་ལྷག་བསད་པ་དང་མི་མང་པོ་ཞིག་རྨས་ཡོད། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ཀྲང་ཇེ་ཞེས་པ་ཞིག་གིས་ཝི་ཏེ་ནམ་ལ་འབྲེལ་བ་ཡར་རྒྱས་གཏོང་དགོས་པ་སོགས་རྒྱ་ནག་གིས་རྒྱ་ཆེ་ས་ཞིག་ལ་བསམ་བློ་བཏང་ནས་༡༩༧༩་ལོའི་དམག་འཁྲུག་དེར་གཞུང་འབྲེལ་གྱི་མྱ་ངན་མཛད་སྒོ་འཚོགས་ཀྱི་མེད། འདི་ནི་དམག་འཁྲུག་སྐབས་སུ་རྒྱལ་ཕམ་བྱུང་བའི་རྒྱལ་ཁབ་ཆེ་ཕྲ་ཀུན་ལ་གཅིག་མཚུངས་ཡིན། རྒྱ་ནག་གིས་རྒྱལ་ཁའི་མཛད་སྒོ་ཚོགས་ནས་ཝི་ཏེ་ནམ་དང་ཝི་ཏེ་ནམ་གྱི་མི་དམངས་ལ་ཕོག་ཐུག་གཏོང་དགོས་དོན་མེད་ཅེས་བཤད། སིངྒ་པུར་གྱི་རྒྱ་ནག་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཝི་ཏེ་ནམ་གྱི་དམག་འཁྲུག་ལ་ཡོངས་གྲགས་སུ་གླེང་སློང་བྱེད་ཀྱི་མེད་པ་སྐབས་དེའི་དམག་འཁྲུག་སྐབས་སུ་རྒྱ་ནག་ལ་ཕམ་ཉེས་ཆེན་པོ་བྱུང་བར་སྔོག་དཀྲུག་རྒྱག་འདོད་མེད་ཅིང་། སྐབས་དེའི་ལོ་རྒྱུས་ལ་ཞིབ་འཇུག་དྲང་པོ་ཞིག་བྱེད་ན་ཝི་ཏེ་ནམ་རྒྱལ་ཁབ་ཆུང་ཆུང་ཞིག་གི་ས་མཚམས་སྲུང་དམག་གིས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དེའི་རྒྱལ་སྲུང་དམག་ལ་རྒོལ་ལན་ནན་པོ་སློག་སྟེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་འཆི་རྨས་ཚབས་ཆེན་བྱུང་ཡོད། དམག་འཁྲུག་གི་དུས་དྲན་ལ་མཛད་སྒོ་འཚོགས་དགོས་ན་སྐབས་དེའི་ལོ་རྒྱུས་རྣམས་དྲང་པོར་བཤད་དགོས་པས་རྒྱ་ནག་གཞུང་གིས་ལོ་རྒྱུས་ཀྱི་ལེའུ་དེ་དྲང་པོར་བཤད་མི་འདུག་པས་རེད་ཅེས་བཤད་འདུག

XS
SM
MD
LG