ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀ་ཤི་མིར་གྱི་ས་ཐོག་ཏུ་རྒྱ་གར་གྱི་དམག་མིར་རྒོལ་རྡུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་དབང་སྒྱུར་འོག་ཏུ་ཡོད་པའི་ཀ་ཤི་མིར་གྱི་ས་གནས་ཤིག་ཏུ་རང་སྲོག་བློས་གཏོང་བ་ཞིག་གིས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པའི་རླངས་འཁོར་ལ་རྡུང་ཁ་བརྒྱབ་ནས་མི་༤༠་ལྷག་ལ་སྲོག་སྐྱོན་དང་མི་༢༢་ལ་རྨས་སྐྱོན་བཟོས་ཏེ་ཀ་ཤི་མིར་གྱི་ས་ཐོག་ཏུ་རྒྱ་གར་གྱི་བདེ་འཇགས་སྲུང་དམག་ལ་བྱུང་མྱོང་མེད་པའི་རྒོལ་རྡུང་ཚབས་ཆེན་ཞིག་བྱུང་ཡོད་ཅིང་། གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མོ་དྷིས་ཀ་ཤི་མིར་གྱི་རྒོལ་རྡུང་དེར་པ་ཀི་སི་ཐན་འབྲེལ་བ་ཡོད་ཅེས་ནག་ཉེས་བཙུགས། ཁོང་གིས་ང་ཚོའི་ཁྱིམ་མཚེས་དེས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་འདི་ཚོས་རྒྱ་གར་གཉའ་གཅོག་ཐུབ་རྒྱུ་རེད་བསམས་ཡོད་པ་འདྲ། ཡིན་ནའང་ཁོ་ཚོའི་འཆར་གཞི་དེ་འགྲུབ་མི་ཐུབ་པ་དང་རྒྱ་གར་གྱི་དམག་ལ་འཇིགས་སྐུལ་རིང་ལུགས་པ་ཚོར་རྒོལ་ལན་ཇི་ལྟར་སློག་དགོས་མིན་གྱི་རང་དབང་ཆ་ཚད་སྤྲད་ཡོད། འཇིགས་སྐུལ་རིང་ལུགས་པ་ཚོས་ནོར་འཁྲུལ་ཆེན་པོ་ཞིག་བྱས་ཡོད་པ་དང་ཁོ་ཚོས་མཇུག་འབྲས་ངན་པ་ཞིག་མྱོང་དགོས་ངེས་ཡིན་ཞེས་ཉེན་བརྡ་བཏང་སྟེ་བྷི་ཇེ་བྷི་སྲིད་དོན་ཚོགས་པས་སྤྱི་ཡོངས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་མཚམས་བཞག རྒྱ་གར་གྱི་ནོར་སྲིད་བློན་ཆེན་ཨ་རུན་ཇཱེ་ཊི་ལེས་ང་ཚོས་པ་ཀི་སི་ཐན་ལ་དམིགས་བསལ་ཁྲལ་ཆག་ཚོང་ལས་ཀྱི་ཐོབ་ཐང་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་བྱ་རྒྱུ་ཡིན། ད་དུང་པ་ཀི་སི་ཐན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་པར་རྒྱ་གར་གྱིས་ཕྱི་འབྲེལ་ཐབས་ཇུས་ཡོད་དོ་ཅོག་ལག་ལེན་བསྟར་རྒྱུ་ཡིན། ཐེངས་འདིའི་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་དེར་པ་ཀི་སི་ཐན་ཐད་ཀར་འབྲེལ་བ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་བསྙོན་དུ་མེད་པ་ཞིག་སྟོན་རྒྱུ་ཡོད་ཅེས་བཤད།།

རྒྱ་གར་གྱི་ཉེན་རྟོག་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཀ་ཤི་མིར་གྱི་པུལ་ཝ་མ་ས་གནས་སུ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པའི་རླངས་འཁོར་ལ་གཏོར་རྒོལ་བྱེད་མཁན་ནི་ལོ་ན་༢༢་སོན་པའི་ཨ་དྷིལ་ཨ་ཧེ་མེ་ཐེ་དྷར་ཡིན་ཞིང་། ཁོ་པ་ཀ་ཤི་མིར་གྱི་པུལ་ཝ་མའི་ལྷོ་ཕྱོགས་ཀྱི་གུན་དི་བྷག་གྲོང་གསེབ་ཏུ་སྐྱེས། ༢༠༡༧་ལོའི་ཕྱི་ཟླ་༣་པར་ཕོ་གསར་དེ་འཛིན་རིམ་༡༢་པའི་སྐབས་སུ་སློབ་གྲྭ་ཁུངས་མ་འཁྱོལ་པར་ཕྱིར་འཐེན། ༢༠༡༨་ལོར་མི་དེ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་ཁོངས་སུ་ཞུགས་པར་མ་ཟད། ཁོ་པར་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེས་ཝ་ཀ་སི་འཕྲལ་སྒྲུབ་དམག་ཅེས་མིང་བཏགས། ཁ་རྩང་གི་རྒོལ་རྡུང་འབྱུང་ཡུལ་དང་གུན་དི་བྷག་གྲོང་གསེབ་གཉིས་ལ་རྒྱང་ཁད་སྤྱི་ལེ་༡༠་ལས་མེད། ཕྱི་ཟླ་༢་པའི་ཚེས་༡༤་ཕྱི་དྲོར་ཕོ་གསར་དེས་རང་གི་རླངས་འཁོར་ནང་དུ་འབར་མདེལ་སྤྱི་རྒྱ་༣༥༠་བརྩིགས་ནས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པའི་རླངས་འཁོར་ལ་རྡུང་ཁ་བརྒྱབ། ཨ་དྷིལ་ཨ་ཧེ་མེ་ཐེ་དྷར་ནི་གུན་དི་བྷག་གྲོང་གསེབ་ནས་འཇིགས་སྐུལ་རིང་ལུགས་པའི་ཚོགས་ཁོངས་སུ་ཞུགས་མཁན་ཨང་གསུམ་པ་དེ་ཡིན་ཞིང་། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་འདིའི་རིགས་འཛམ་གླིང་གི་ས་གནས་གང་དུ་བྱུང་རུང་ང་ཚོས་དེ་ལ་ཁ་རྡུང་དྲག་པོ་གཏོང་གི་ཡོད། གཟའ་ཕུར་བུའི་ཉིན་བྱུང་བའི་ཀ་ཤི་མིར་གྱི་གཏོར་རྒོལ་དེར་པ་ཀི་སི་ཐན་འབྲེལ་བ་གཏན་ནས་མེད་ཅེས་དག་སྐྱེལ་བྱས་ཀྱང་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པས་གཏོར་རྒོལ་དེའི་ལན་ཁག་ཁས་བླངས། དེར་བརྟེན་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྔོན་ནས་བཟང་པོ་མེད་པ་ཇེ་སྡུག་ཏུ་བཏང་འདུག

རྒྱ་གར་གྱི་ནང་སྲིད་བློན་ཆེན་ར་ཇི་ན་ཐེ་སིང་འཕྲལ་དུ་སི་རི་ན་གྷར་གྲོང་ཁྱེར་ལ་གཟིགས་ཞིབ་ཏུ་ཕེབས། དེའི་སྔོན་དེར་སྲིད་བློན་མོ་དྷིའི་བཞུགས་གནས་སུ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་དང་ནང་སྲིད་བློན་ཆེན། ནོར་སྲིད་བློན་ཆེན་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སོགས་རྒྱ་གར་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་༡༢་ཛ་དྲག་གི་ཚོགས་འདུ་ཚོགས། ཁོ་ཚོས་པ་ཀི་སི་ཐན་ཚུད་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་རྒོལ་ལན་ཇི་ལྟར་སློག་དགོས་མིན་གྲོས་བསྡུར་བྱས་ཡོད་ཅིང་། ད་ལྟ་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་རླངས་འཁོར་འབབ་ཚུགས་ཁག་ཏུ་འགྲིམ་འགྲུལ་བཀག་སྡོམ་བྱས་ཀྱང་རྒྱ་གར་རྒྱལ་ཡོངས་སུ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་དེར་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་སྟེ། རྒྱ་གར་གྱི་ཞཱིབ་སེ་ན་ཚོགས་པས་སྲིད་བློན་མོ་དྷི་ལ་ཀ་ཤི་མིར་གྱི་གནད་དོན་དེར་ཞི་བའི་གྲོས་མོལ་བྱ་རྒྱུ་མཚམས་འཇོག་བྱ་དགོས། པ་ཀི་སི་ཐན་ལ་རྒོལ་ལན་དྲག་པོ་སློག་དགོས་ཞེས་རྒྱ་གར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་འཆི་སྐྱོན་བྱུང་བའི་དྲག་ཆས་ཉེན་རྟོག་པ་འདས་པོ་རྣམས་ཀྱི་བཟའ་མི་ཚོར་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ཧིན་སྒོར་ས་ཡ་༢་རོགས་རམ་སྤྲོད་རྒྱུ་ཡིན་ཞེས་བསྒྲགས། རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷི་དང་སྲིད་བློན་ཟུར་པ་མན་མོ་ཧན་སིང་སོགས་ཚོགས་འདུ་ཚོགས་ཏེ་ཀོང་རེ་སི་ཚོགས་པས་ཀྱང་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་རེ་ཞིག་མཚམས་འཇོག་བྱས་ནས་མྱ་ངན་དང་སྲོག་སྐྱོན་བྱུང་བའི་དྲག་ཆས་ཉེན་རྟོག་པ་འདས་པོ་དེ་དག་གི་བཟའ་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན། ཀ་ཤི་མིར་གྱི་རྒོལ་རྡུང་རྗེས་སུ་རྒྱ་གར་གཞུང་དམངས་གཉིས་ཀ་རྡོག་རྩ་གཅིག་ཏུ་བསྒྲིལ་འདུག

འདི་ཙམ་ན་ཨ་རིའི་ཕོ་བྲང་དཀར་པོས་པ་ཀི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་དེར་རྒྱབ་སྐྱོར་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་བྱ་དགོས། པ་ཀི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་གཞིས་ཚུགས་སའི་རྟེན་གཞི་སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་ཚོར་འཇིགས་སྐུལ་རིང་ལུགས་པས་རྒོལ་རྡུང་བྱས་པ་དང་མི་༤༠་ལྷག་ལ་སྲོག་སྐྱོན་ཕོག་པའི་བཟའ་མི་ཚོར་སེམས་གསོ་བྱེད་ཀྱི་ཡོད། ང་ཚོ་ཨི་སི་རལ་གྱིས་རྒྱ་གར་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ལྡི་ལི་གསར་པར་བཅའ་སྡོད་འཇར་མན་ཎིའི་གཞུང་ཚབ་པས་ཀྱང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ལ་ཁ་རྡུང་བཏང་སྟེ་འཇར་མན་ཎིས་རྒྱ་གར་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད། ང་ཚོས་སྲོག་སྐྱོན་ཕོག་པའི་དྲག་ཆས་ཉེན་རྟོག་པ་འདས་པོ་རྣམས་ཀྱི་བཟའ་མི་ཚོར་སེམས་གསོ་བྱེད་ཀྱིན་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་ནག་གཞུང་གིས་ཀ་ཤི་མིར་ལ་རྒོལ་རྡུང་བྱུང་བར་རྔམ་སྐྲག་ཆེན་པོ་བྱུང་ཞེས་གསར་འགོད་གསལ་བསྒྲགས་སྤེལ་རུང་སྔོན་ཆད་རྒྱ་གར་གཞུང་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་དུ་འགོད་དགོས་ཟེར་གྱི་ཡོད་པར་རྒྱ་ནག་གཞུང་གིས་དགག་པ་བརྒྱབ། འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེའི་འགོ་ཁྲིད་མུ་ལ་ན་ཨ་ཛར་རྒྱལ་སྤྱིའི་ཐོག་ཏུ་འགྲིམ་འགྲུལ་བྱེད་མི་ཆོག་པའི་བཀག་སྡོམ་བྱ་དགོས་ཟེར་གྱི་ཡོད་པ་དེ་ལའང་རྒྱ་ནག་གིས་རྒྱབ་སྐྱོར་བྱས་མེད། འོན་ཀྱང་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲིང་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེའི་འགོ་ཁྲིད་མུ་ལ་ན་ཨ་ཛར་རྒྱལ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་དུ་འགོད་དགོས་མིན་རྒྱ་ནག་གཞུང་གིས་རྒྱ་གར་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་གྲོས་བསྡུར་བྱེད་ཆོག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ་ཀྱང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་གྱི་ལན་འདེབས་གསལ་བོ་ཞིག་བྱས་མེད་པ་རེད།།

༡༩༨༩་ནས་ཀི་ཤི་མིར་གྱི་ལེན་ལོག་པ་ཚོས་རྒྱ་གར་གྱི་དབང་སྒྱུར་ལ་ངོ་རྒོལ་དང་ཀ་ཤི་མིར་ལུང་གཤོང་ཧྲིལ་བོ་པ་ཀི་སི་ཐན་གྱི་མངའ་ཁོངས་སུ་གཅིག་གྱུར་བྱ་དགོས་ཞེས་གྱེན་རྒོལ་བྱ་རྒྱུ་མགོ་བརྩམས། རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་ཁ་ཆེ་དྲག་སྤྱོད་པ་ཚོར་དྲག་གནོན་བྱས་ནས་ས་གནས་མི་དམངས་ཀྱིས་དཀའ་སྡུག་ཆེན་པོ་མྱངས། ༡༩༤༧་ལོར་དབྱིན་ཇིའི་དབང་སྒྱུར་འོག་ནས་རྒྱ་གར་དང་པ་ཀི་སི་ཐན་ལ་རང་བཙན་ཐོབ་ནས་བཟུང་། ད་བར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་ཀ་ཤི་མིར་བརྩད་ནས་དམག་འཁྲུག་ཐེངས་གསུམ་བརྒྱབ་པ་དང་ཀ་ཤི་མིར་གྱི་མི་དམངས་ཕལ་ཆེ་བས་མངའ་ཁུལ་དེ་པ་ཀི་སི་ཐན་ལ་ཟླ་སྒྲིལ་བྱེད་པའམ། ཡང་ན་ཀ་ཤི་མིར་རང་བཙན་བྱ་དགོས་པའི་ལངས་ཕྱོགས་བཟུང་ཡོད་ཅིང་། ༡༩༨༩་ནས་བཟུང་སྟེ་ཀ་ཤི་མིར་གྱི་ཟིང་འཁྲུག་ནང་དུ་མི་འབུམ་༧་ལྷག་གི་ཚེ་སྲོག་ཤོར་པ་དང་ན་ནིང་གཅིག་པུར་ཀ་ཤི་མིར་གྱི་ཁ་ཆེ་དྲག་སྤྱོད་པ་༢༦༠་ཐམ་པ་དང་མི་དམངས་དཀྱུས་མ་༡༦༠་ཐམ་པ། རྒྱ་གར་གྱི་བདེ་འཇགས་སྲུང་དམག་༡༥༠་ཐམ་པར་སྲོག་སྐྱོན་ཕོག འདི་ནི་༢༠༠༩་ནས་བཟུང་སྟེ་ཀ་ཤི་མིར་གྱི་ས་ཐོག་ཏུ་མི་གསོད་ཁྲག་སྦྱོར་བྱུང་བ་ཆེས་ཚབས་ཆེན་ཞིག་ཏུ་གྱུར་ཏོ།།

XS
SM
MD
LG