ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གཞུང་གི་བཀག་ཉར་འོག་ཏུ་ཚུད་པའི་ཡུ་གུར་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་གཉེན་ཚན་བཀག་ཉར་འོག་ཏུ་ཚུད་པ་དེ་རྣམས་འཚོ་གནས་ཡིན་ན་རྒྱ་ནག་གཞུང་གིས་ངེས་པར་དུ་བརྙན་འཕྲིན་བསྟན་ནས་མི་དེ་ཚོ་གསོན་པོར་འཚོ་གནས་ཡིན་པ་ཁུངས་སྐྱེལ་བྱ་དགོས་ཞེས་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ། ཉེ་བའི་ལོ་ངོ་རེ་ཟུང་ཞིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་བཀག་ཉར་ཁང་འདྲ་མིན་གྱི་ནང་དུ་བཅུག་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་ཅིང་། རྒྱ་ནག་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་པའི་ཡུ་གུར་མང་པོ་ཞིག་ལ་རྡུང་རྡེག་དང་མནར་གཅོད་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་འཆི་སྐྱོན་བྱུང་བ། མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ནས་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་ཀྱི་མེད་པས་ཨ་མི་རི་ཀ་དང་ཡུ་རོབ། ཏུར་ཀི་རྒྱལ་ཁབ་སོགས་ན་ཡོད་པའི་ཞིན་ཅང་གི་ཡུ་གུར་བ་ཚོས་ང་ཡང་ཡུ་གུར་བ་ཞིག་ཡིན་ཞེས་འཁོད་པའི་ཡིག་བྱང་བཟུང་ནས་དྲྭ་ལམ་དུ་འདྲ་པར་འགྲེམ་སྤེལ་གྱི་ལས་འགུལ་ཞིག་མགོ་བརྩམས། ཁོ་ཚོས་རང་གི་གཉེན་ཚན་རྣམས་འཆི་གསོན་ཅི་ཡིན་རྒྱ་ནག་གཞུང་གིས་སྟོན་དགོས་ཟེར་གྱི་ཡོད་པ་སྟེ། ཉེ་ཆར་གཟའ་སྤེན་པའི་ཉིན་ཏུར་ཀིའི་གཞུང་གིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཡུ་གུར་བའི་སྙན་ངག་པ་གྲགས་ཅན་ཨབ་དྷུ་རེ་ཧིམ་ཧེ་དབྱི་ཊི་བཙོན་ཁང་དུ་འདས་གྲོངས་སུ་གྱུར་འདུག་ཅེས་བསྒྲགས། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཡུ་གུར་བའི་སྙན་ངག་པ་ཧེ་དབྱི་ཊི་འཚོ་གནས་ཡིན་པ་དང་ལུས་ཁམས་བདེ་ཐང་ཡིན་ཞེས་བརྙན་འཕྲིན་ཞིག་བཀྲམ། ཡུ་རོབ་རྒྱལ་ཁབ་ཧྥིན་ལན་ཌིར་གནས་འཁོད་ཡུ་གུར་བ་ཧལ་མུ་ར་ཏེ་ཧ་རི་ཞེས་པ་ཞིག་གིས་ཊོས་ཊར་དྲྭ་ལམ་དུ་བཀག་ཉར་ཁང་དེ་དག་གི་ནང་ནས་གར་སོང་ཆ་མེད་དུ་གྱུར་པའི་ཡུ་གུར་བ་རྣམས་འཚོ་གནས་ཡིན་ན་རྒྱ་ནག་གཞུང་གིས་བརྙན་འཕྲིན་སྟོན་དགོས་ཞེས་བཤད་འདུག

ཧལ་མུ་ར་ཏེ་ཧ་རི་ཡིས་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་ཡོད་པའི་ཡུ་གུར་བ་གཞན་རྣམས་ཀྱང་འཚོ་གནས་ཡིན་པ་དང་བདེ་ཐང་ཡིན་པའི་བརྙན་འཕྲིན་སྟོན་དགོས། རྒྱ་ནག་གི་བཀག་ཉར་ཁང་དེ་དག་གི་ནང་དུ་མནར་གཅོད་བཏང་ནས་བདེ་འཇགས་མེད་པ་དང་གཙང་སྦྲ་མེད་པ། མི་ལ་རྡུང་རྡེག་དང་ནད་མནར། སེམས་ཀྱི་དཀའ་ངལ་ཕྲད་ནས་རིག་འཚོ་མ་ཟིན་པར་གྱུར་པ་དང་འདས་གྲོངས་སུ་གྱུར་པ། མི་ཁག་ཅིག་ལ་སྨན་བཅོས་མ་བྱས་པར་ཤི་རུ་བཅུག་པ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད་པས་ཡུ་གུར་བ་གཞན་རྣམས་འཚོ་གནས་ཡིན་ན་རྒྱ་ནག་གཞུང་གིས་བརྙན་འཕྲིན་བསྟན་ནས་ཁུངས་སྐྱེལ་བྱ་དགོས་ཞེས་གནོན་ཤུགས་རྒྱུ་འགོ་ཚུགས། ཟླ་ཤས་གོང་ནས་རྒྱ་གར་གྱི་ཁ་ཆེ་ཚོ་དང་ཨིན་རྡུ་ནེ་ཤི་ཡ། མ་ལེ་ཞི་ཡ་སོགས་ཁ་ཆེ་རྒྱལ་ཁབ་ཉུང་ཤས་ཤིག་གིས་རྒྱ་ནག་གཞུང་ལ་ཞིན་ཅང་གི་ཡུ་གུར་བ་ཚོས་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་སྐྱོན་བརྗོད་བྱས་ཀྱང་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་མང་ཆེ་བས་རང་གི་དཔལ་འབྱོར་དང་ཚོང་ལས། རྒྱ་ནག་གི་མ་རྩ་འཛུགས་འཇོག་དང་རྒྱ་ནག་གི་རྒྱབ་སྐྱོར་སོགས་ཀྱི་ཁེ་ཕན་རྣམས་བློས་བཏང་སྟེ་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཕོད་ཀྱི་མེད་ཅིང་། ཁ་སྔོན་གཟའ་སྤེན་པའི་ཉིན་ཏུར་ཀིའི་གཞུང་གིས་ཡུ་གུར་བའི་སྙན་ངག་པ་གྲགས་ཅན་ཧེ་དབྱི་ཊི་བཙོན་ཁང་དུ་འདས་གྲོངས་སུ་གྱུར་འདུག རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་ནི་འགྲོ་བ་མི་རྣམས་ངོ་ཚ་དགོས་པ་ཞིག་རེད་ཅེས་བསྒྲགས། དེར་བརྟེན་རྒྱ་ནག་གཞུང་གིས་འཕྲལ་དུ་ཡུ་གུར་བའི་སྙན་ངག་པ་ཧེ་དབྱི་ཊི་འཚོ་གནས་ཡིན་པ་དང་ཁོ་པས་རང་ཉིད་བདེ་ཐང་ཡིན། ང་ལ་བཙོན་ཁང་དུ་མནར་གཅོད་སོགས་གང་ཡང་ཕོག་མ་བྱུང་། དེ་རིང་ནི་༢༠༡༩་ལོའི་ཕྱི་ཟླ་༢་པའི་ཚེས་༡༠་རེད་ཅེས་བཤད་པའི་བརྙན་འཕྲིན་ཞིག་རྒྱ་ནག་གཞུང་གིས་ཕྱི་ལ་བཀྲམ། ཏུར་ཀིའི་གཞུང་གིས་ཡུ་གུར་བའི་སྙན་ངག་པ་ཧེ་དབྱི་ཊི་འདས་གྲོངས་སུ་གྱུར་པའི་གསར་འགྱུར་དེ་གང་ལ་ཁུངས་གཏུགས་ཡོད་མེད་ཀྱི་འགྲེལ་བཤད་བརྒྱབ་མེདཔ་རེད།།

རྒྱལ་སྤྱིའི་རང་དབང་གི་གསར་འགྱུར་ལས་ཁང་ཁག་གིས་བརྙན་འཕྲིན་དེ་ངོ་མ་ཡིན་ནམ། ཡང་ན་རྒྱ་ནག་གཞུང་གིས་རྫུན་བཟོ་བྱས་པ་ཡིན་མིན། བརྙན་འཕྲིན་དེ་སུས་པར་བརྒྱབ་པ་དང་དུས་ནམ་ཞིག་བརྙན་འཕྲིན་བླངས་པ་ཡིན་མིན་རྣམས་ངེས་གཏན་བྱེད་དཀའ། རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗངས་ཀྱི་ས་གནས་སྲིད་གཞུང་གིས་བརྙན་འཕྲིན་དེ་རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་མཁོ་སྤྲོད་བྱས་བྱུང་ཞེས་བསྒྲགས། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་དུ་འཁྱར་པའི་ཡུ་གུར་བ་ཚོས་ཞིན་ཅང་དུ་ལུས་པའི་རང་གི་གཉེན་ཚན་རྣམས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་སྡུག་སྐད་རྒྱག་གི་ཡོད་པར་མ་ཟད། ཁོ་ཚོ་མང་པོ་ཞིག་གིས་གར་སོང་ཆ་མེད་དུ་གྱུར་པའི་རང་གི་ཕ་མ་དང་བུ་ཕྲུག སྤུན་ཉེ་དང་གྲོགས་པོ་སོགས་ཀྱི་འདྲ་པར་རྣམས་ལག་ཏུ་བཟུང་ནས་བརྙན་འཕྲིན་བཀྲམ། གལ་སྲིད་ཡུ་གུར་བ་དེ་རྣམས་འཚོ་གནས་ཡིན་ན་རྒྱ་ནག་གཞུང་གིས་བརྙན་འཕྲིན་བསྟན་ནས་གསོན་པོར་ཡོད་པ་ཁུངས་སྐྱེལ་བྱ་དགོས་ཞེས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་བཀོད། ཡིན་ནའང་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་སོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པའི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་ལག་ཤེས་སློབ་སྦྱོང་དང་སྐད་ཡིག་སློབ་ཁྲིད་བྱས་ནས་སྤྱི་ཚོགས་སུ་བསྐྱར་ཞུགས་ཐུབ་པ་དང་འཚོ་བ་སྐྱེལ་ཐུབ་པའི་ལམ་སྟོན་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་དགག་པ་བརྒྱབ་འདུག

འདི་ཙམ་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་བློས་ཐུབ་ཀྱི་ལས་བྱེད་པ་ཞིག་ཞིན་ཅང་གི་ཞི་བདེ་བརྟན་ལྷིང་སྲིད་ཇུས་ལག་བསྟར་པར་བསྐོ་བཞག་བྱས་ཡོད་པ་སྟེ། ལོ་ན་༥༦་ལ་སོན་པའི་ཝང་ཅུན་ཀྲེང་ཚོགས་མི་༡༤་ཡོད་པའི་ཞིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་འཐུས་མིའི་གྲས་སུ་བསྐོ་བཞག་བྱས་འདུག ཝང་ཅུན་ཀྲེང་གི་གོ་གནས་ངོ་མ་ཅི་ཡིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་མེད་ཀྱང་ཉམས་ཞིབ་པ་ཚོས་ཞིན་ཅང་གི་སྲིད་ཁྲིམས་ལྷན་ཁང་གི་ནང་དུ་ཝང་ཅུན་ཀྲེང་གིས་གོ་གནས་ཆེན་པོ་ཞིག་འཛིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཞིན་ཅང་གི་སྲིད་ཁྲིམས་ལྷན་ཁང་གིས་མངའ་ཁུལ་དེར་ཞི་བདེ་བརྟན་ལྷིང་བསྐྲུན་པའི་སྲིད་ཇུས་ཕལ་ཆེ་བ་ལག་ལེན་བསྟར་གྱི་ཡོད་པས་ཁྱབ་ཁོངས་དེར་ཞིན་ཅང་གི་བཀག་ཉར་ཁང་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་རྣམས་ཀྱང་འདུས། ཟླ་བ་སྔོན་མར་ལོ་ན་༦༡་ལ་སོན་པའི་ཞིན་ཅང་གི་སྲིད་ཁྲིམས་ལྷན་ཁང་གི་འགོ་ཁྲིད་ཀྲུ་ཧེ་ལུན་གོ་གནས་སྤར་ཏེ་ཞིན་ཅང་གི་མི་དམངས་འཐུས་མའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པར་བསྐོས། འདི་ནི་རྒྱ་ནག་གཞུང་གིས་ལོ་ན་༦༠་བརྒལ་བའི་འགོ་ཁྲིད་ཚོ་འཕོ་འགྱུར་གཏོང་སྟངས་ཤིག་ཡིན་པས་ཝང་ཅུན་ཀྲེང་ཡུན་རིང་མི་འགོར་པར་ཞིན་ཅང་གི་སྲིད་ཁྲིམས་ལྷན་ཁང་གི་འགོ་ཁྲིད་ལ་བསྐོ་བཞག་བྱ་སྲིད་པའི་རྟགས་མཚན་ཞིག་ཡིན་སྲིད། སིངྒ་པུར་གྱི་ཉམས་ཞིབ་པ་ཨལ་ཧྥེ་རེ་ཌི་ཝུ་ཞེས་པ་ཞིག་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁང་ལའང་འགོ་ཁྲིད་ཅིག་བསྐོ་བཞག་བྱ་དགོས་པས་སྲིད་འཛིན་ཞིས་ཅིན་ཕིང་གིས་རང་གི་བློས་ཐུབ་ཀྱི་ལས་བྱེད་པ་ཁག་ཅིག་ཞིན་ཅང་གི་སྲིད་ཁྲིམས་ལྷན་ཁང་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཚོར་བསྐོ་བཞག་བྱ་རྒྱུའི་རྟགས་མཚན་གསལ་བོ་འདུག་ཅེས་གླེང་ངོ་།།

XS
SM
MD
LG