ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཏུར་ཀིའི་སྐྱོན་བརྗོད་དང་རྒྱ་ནག་གི་དགག་པ།


༄༅།། རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་དང་ཡུ་གུར་བའི་སྙན་ངག་པ་ཞིག་རྒྱ་གཞུང་གི་བཀག་ཉར་འོག་ཏུ་འདས་གྲོངས་སུ་གྱུར་འདུག་ཅེས་ཏུར་ཀིའི་གཞུང་གིས་སྐྱོན་བརྗོད་བྱས་པར་རྒྱ་ནག་གིས་ཏུར་ཀིའི་སྐྱོན་བརྗོད་དེ་ཁུངས་ལུང་མེད་པའི་རྫུན་གཏམ་ཞིག་རེད་ཅེས་དགག་པ་བརྒྱབ། ཁ་སྔོན་གཟའ་སྤེན་པའི་ཉིན་ཏུར་ཀིའི་ཕྱི་སྲིད་ལྷན་ཁང་གིས་ཞིན་ཅང་གི་ཡུ་གུར་བ་འབུམ་ཕྲག་མང་པོ་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་ཡོད་པ་དང་ཡུ་གུར་བའི་སྙན་ངག་པ་གྲགས་ཅན་ཨབ་དྷུ་རེ་ཧིམ་ཧེ་དབྱི་ཊི་ལ་ལོ་༨་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཁོ་པས་གཞས་ཚིག་ཅིག་བརྩམས་པ་ཁོ་ནའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད་ཅེས་བསྒྲགས།།

གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་བརྙན་འཕྲིན་ཞིག་བསྟན་ནས་བརྙན་འཕྲིན་དེའི་ནང་གི་མི་དེ་ཡུ་གུར་བའི་སྙན་ངག་པ་ཧེ་དབྱི་ཊི་ཡིན། ཁོ་པ་བདེ་ཐང་དང་འཚོ་གནས་ཡིན། ང་ཚོས་ཏུར་ཀིའི་གཞུང་ལ་འགྲེལ་བཤད་དང་ཁུངས་སྐྱེལ་གསལ་བོ་བྱས་ཡོད། ཏུར་ཀིའི་གཞུང་གིས་ལེགས་ཉེས་དབྱེ་འབྱེད་དང་རང་སྐྱོན་ངོས་ལེན་བྱེད་ཐུབ་པའི་རེ་བ་ཡོད། གཟའ་མཇུག་དེར་ཏུར་ཀིའི་གཞུང་གིས་སྤེལ་པའི་གསལ་བསྒྲགས་དེ་མ་རབས་ཐ་ཤལ་ཞིག་ཡིན་པས་ངེས་པར་དུ་ཕྱིར་འཐེན་བྱེད་པའི་རེ་བ་ཡོད། ངས་བརྙན་འཕྲིན་ཞིག་གི་ནང་དུ་ཧེ་དབྱི་ཊི་མིག་གིས་མཐོང་སོང་། ཁོ་པ་ལུས་པོ་བདེ་ཐང་རེད་འདུག་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་གསར་འགོད་གསལ་བསྒྲགས་སྤེལ།།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་བཀག་ཉར་ཁང་འདྲ་མིན་གྱི་ནང་དུ་བཙོན་འཇུག་བྱས་ནས་བསྐྱར་དུ་བསམ་བློའི་སློབ་གསོ་སྤྲོད་ཀྱིན་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན། ཏུར་ཀིའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་བཙན་གནོན་བྱེད་ཀྱི་ཡོད་པ་ནི་འགྲོ་བ་མི་རྣམས་ངོ་ཚ་དགོས་པ་ཞིག་རེད་ཅེས་བསྒྲགས། འདི་ནི་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཅིག་གིས་རྒྱ་ནག་ལ་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་དོན་དུ་ཁ་རྡུང་བཏང་བ་ཤུགས་ཆེ་ཤོས་དེ་ཡིན་པ་སྟེ། ད་སྔ་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་གིས་རང་གི་དཔལ་འབྱོར་གྱི་ཁེ་ཕན་དང་ཚོང་ལས་ཀྱི་འབྲེལ་བ། རྒྱ་ནག་གི་རྒྱབ་སྐྱོར་བཅས་ལ་དམིགས་ནས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་ཇི་ལྟར་བྱས་ཀྱང་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཕོད་ཀྱི་མེད་ཅིང་། ཏུར་ཀི་དང་ཞིན་ཅང་གི་ཡུ་གུར་བ་ཚོར་སྐད་ཡིག་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད། ཐ་ན་ཞིན་ཅང་ལ་ཡོངས་གྲགས་སུ་ཤར་ཏུར་ཀི་སི་ཐན་ཟེར་གྱི་ཡོད་པ་རེད།།

ཁ་སྔོན་གཟའ་སྤེན་པའི་ཉིན་ཏུར་ཀིའི་གཞུང་གིས་སྤེལ་བའི་གསལ་བསྒྲགས་དེར་ཡུ་གུར་བའི་སྙན་ངག་པ་ཧེ་དབྱི་ཊི་འདས་གྲོངས་སུ་གྱུར་པའི་གནས་ཚུལ་དེ་ཇི་ལྟར་རྩད་གཅོད་ཐུབ་མིན་འགྲེལ་བཤད་བརྒྱབ་མེད་ཅིང་། ཏུར་ཀིའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་ཡ་ང་བའི་དྲག་གནོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐེར་འདོན་བྱས་པ་དེས་ཏུར་ཀིའི་མི་དམངས་རྣམས་རྒྱ་ནག་ལ་མི་དགའ་བའི་སྡང་ཟུག་ཆེན་པོ་ཞིག་སློང་ཐུབ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་གསལ་སྟོན་ཡག་པོ་ཞིག་བྱས་ཐུབ་ཡོད་མོད། འོན་ཀྱང་ཕྱི་ཟླ་༢་པའི་ཚེས་༡༠་ཉིན་རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་ཏུར་ཀིའི་སྡེ་ཚན་གྱིས་སྐར་ཆ་༢༦་ཅན་གྱི་བརྙན་འཕྲིན་ཞིག་བསྟན། བརྙན་འཕྲིན་དེའི་ནང་དུ་མི་ཞིག་གིས་ངའི་མིང་ལ་ཨབ་དྷུ་རེ་ཧིམ་ཧེ་དབྱི་ཊི་ཟེར། དེ་རིང་ནི་༢༠༡༩་ལོའི་ཕྱི་ཟླ་༢་པའི་ཚེས་༡༠་རེད། ང་ལ་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་འཛོལ་བྱུང་བའི་ནག་ཉེས་བཙུགས་ནས་ཞིབ་འཇུག་བྱེད་བཞིན་སྐབས་ཡིན། ངའི་ལུས་པོ་བདེ་ཐང་ཡིན། ང་ལ་མནར་གཅོད་སོགས་གང་ཡང་བཏང་མ་བྱུང་ཞེས་ཏུར་ཀིའི་སྐད་དུ་བཤད་པ་དང་དེའི་འོག་ཏུ་དབྱིན་ཡིག་གི་མཆན་འགྲེལ་བྲིས་པ་ཞིག་བསྟན། རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་ལ་བརྙན་འཕྲིན་དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གིས་མཁོ་སྤྲོད་བྱས་བྱུང་ཞེས་བརྙན་འཕྲིན་དེའི་འབྱུང་ཁུངས་བསྒྲགས།།

ཉེ་བའི་ལོ་ཤས་ཤིག་ནས་ཞིན་ཅང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ། རྒྱ་ནག་གི་གསང་བའི་ལས་ཁང་གི་གསང་ཉུལ་ཚོས་ཉིན་མཚན་དུས་དྲུག་ལ་ཞིན་ཅང་གི་ཡུ་གུར་བ་ཚོར་ལྟ་རྟོག་ནན་པོ་དང་ཡུ་གུར་བའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག ཡུ་གུར་བའི་ཆོས་ལུགས་བྱེད་སྒོ་རྣམས་བཀག་སྡོམ། ཞིན་ཅང་གི་ས་གནས་གང་སར་པར་ཆས་བཙུགས་པ་དང་རྒྱ་གཞུང་གི་ལས་བྱེད་པ་རྣམས་ཡུ་གུར་བའི་ཁྱིམ་ཚང་ཁག་ལ་སློབ་གསོ་གཏོང་དུ་མངགས་པ། ཡུ་གུར་མི་དམངས་ལ་རང་ཉིད་རྒྱ་ནག་གི་སྤྱི་དམངས་ཡིན་པ་དང་རྒྱ་ནག་གི་མངའ་ཁོངས་ཡིན་པ། ཡུ་གུར་བ་ཚོ་རྒྱ་ནག་ཁྱིམ་ཚང་ཆེན་པོའི་ཚོགས་མི་ཡིན་པའི་འདུ་ཤེས་འཆང་དགོས། ཁོ་ཚོས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་བཅས་ལ་ངོ་རྒོལ་བྱ་དགོས། ཡུ་གུར་བ་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས་ཞེས་བསམ་བློའི་སློབ་གསོ་གཏོང་གི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོས་མི་གསོད་ཁྲག་སྦྱོར་གྱི་ཟིང་འཁྲུག་བསླངས་ནས་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་གཏོར་བརླག་བྱེད་ཀྱིན་འདུག ཞིན་ཅང་གི་ཡུ་གུར་བ་རྣམས་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་ནག་ཉེས་བཙུགས། ཏུར་ཀིའི་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་རྡུང་རྡེག་དང་མནར་གཅོད། ཆབ་སྲིད་སློབ་གསོ་བཏང་ནས་བསམ་བློ་སྒྱུར་བཀོད་བྱེད་ཀྱིན་འདུག་ཅེས་སྐྱོན་འཛུགས་བྱས་ཀྱང་ཧྭ་ཁྲུན་དབྱིན་གྱིས་རྒྱ་ནག་དང་ཏུར་ཀི་གཉིས་མཉམ་འབྲེལ་བྱ་དགོས། ང་ཚོས་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས་ཞེས་ཕྱོགས་གཉིས་ཀྱི་འབྲེལ་བ་རྦད་དེ་སྡུག་ཏུ་མི་འགྲོ་བའི་གླེང་སློང་ཞིག་བྱས་པ་དང་། ཉེ་ཆར་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པའི་ཡུ་གུར་བ་ཁག་ཅིག་རྒྱ་ནག་ཧྲན་ཤཱི་ཞིན་ཆེན་ལ་ཁྲིད་ནས་བཀག་ཉར་བྱེད་ཀྱི་ཡོད་པའི་གསར་འགྱུར་ཞིག་ཐོན་འདུག

XS
SM
MD
LG