ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཐེ་ཝན་པ་ཚོ་བློ་འགུགས།


༄༅།། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཚོང་པ་དང་སློབ་ཕྲུག་ཚོ་བསྡུས་ནས་བློ་འགུགས་སློབ་གསོ་གཏོང་གི་ཡོད་པ་དང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཐུབ་རྒྱུའི་དམིགས་ཡུལ་འཆང་སྟེ། ཟླ་བ་སྔོན་མར་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་རྒྱ་ནག་སྐམ་ས་ཆེན་མོར་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་གྱི་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་མི་རྣམས་གདན་འདྲེན་ཞུས་ནས་རྒྱ་ནག་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་སློབ་སྦྱོང་བྱེད་དུ་བཅུག་པ་དང་། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དང་ཧྥུ་ཅན་ཞིང་ཆེན། ཅང་སུའུ་ཞིང་ཆེན་བཅས་སུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་གྱི་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་མི་༦་གིས་གསར་འགོད་པར་རྒྱ་ནག་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་སློབ་སྦྱོང་བྱེད་དུ་བཅུག་སོང་ཞེས་ངེས་གཏན་བྱས་འདུག ད་དུང་རྒྱ་ནག་གི་ཀོང་ཀྲུག་དང་ཁྲེང་ཏུའུ་གྲོང་ཁྱེར་དུ་སློབ་གཉེར་བྱེད་བཞིན་པའི་ཐེ་ཝན་གྱི་སློབ་ཕྲུག་ཚོའང་འབྲེལ་ཡོད་ས་གནས་ཁག་གིས་ཚོགས་འདུར་བསྐོངས་ནས་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་ཇི་ལྟར་བྱ་དགོས་མིན་ལ་བགྲོ་གླེང་བྱེད་དུ་བཅུག་ཅིང་། རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་ལངས་ཕྱོགས་འཛིན་མཁན་ཐེ་ཝན་གྱི་ལས་རྩོལ་ཚོགས་པས་ཀྱང་མཚོ་གླིང་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་བཏོན་པའི་སྲིད་ཇུས་དེར་བགྲོ་གླེང་དང་དཔྱད་བསྡུར་བྱེད་དུ་བཅུག་འདུག

ཁ་སྔོན་ཕྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་ཆོག ཐེ་ཝན་གྱི་འགོ་ཁྲིད་ཚོས་༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་དགོས། ཐེ་ཝན་གཞུང་མུ་མཐུད་དུ་རང་བཙན་གྱི་ལམ་ཕྱོགས་སུ་བསྐྱོད་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་མིན་པའི་ཁས་ལེན་བྱེད་མི་ཐུབ་ཅེས་སྡིགས་ར་བསྐུལ། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འཕྲལ་དུ་ཞིས་ཅིན་ཕིང་གི་གྲོས་གཞི་དེར་དགག་པ་བརྒྱབ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་ཐེ་ཝན་གཞུང་དམངས་གཉིས་ཀས་ནམ་ཡང་ཁས་ལེན་བྱ་ཐུབ་ཐབས་མེད། ཐེ་ཝན་ནི་རང་དབང་དང་དམངས་གཙོའི་ལམ་ལུགས་དར་པའི་དངོས་ཡོད་ཡུལ་ལུང་ཞིག་ཡིན་པ་དེར་རྒྱ་ནག་གཞུང་གིས་བསྙོན་ཐབས་མེད། ང་ཚོས་རྒྱ་ནག་གཅིག་ཟེར་པའི་གྲོས་མཐུན་ཞིག་ལ་ནམ་ཡང་ངོས་ལེན་བྱས་མྱོང་མེད། ཐེ་ཝན་གྱི་མདུན་ལམ་ནི་མཚོ་གླིང་དེའི་མི་དམངས་ས་ཡ་༢༣་གྱིས་རང་དབང་དང་དམངས་གཙོའི་ལམ་ནས་ཐག་གཅོད་བྱ་དགོས་ཞེས་ལན་བཏབ། ༡༩༩༢་ལོར་ཐེ་ཝན་གྱི་གྲོས་མོལ་འགོ་བ་གུ་ཁྲེན་ཧྥུ་དང་རྒྱ་ནག་གི་གྲོས་མོལ་འགོ་བ་ཝང་ཏོ་ཧན་གཉིས་ཀྱིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས། འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད། རྒྱ་ནག་གཅིག་ཟེར་པ་དེར་ཐེ་ཝན་དང་རྒྱ་ནག་གཉིས་མཚན་ཉིད་འཇོག་སྟངས་མ་འདྲ་བ་ཡོད་ཆོག་ཅེས་གྲོས་མཐུན་བཞག་པས་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གཅིག་ཟེར་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་དགོས་ཟེར་ཀྱང་ཐེ་ཝན་གྱི་འགོ་ཁྲིད་ཚོས་རྒྱ་ནག་གཅིག་ཟེར་པ་ནི་ཀྲུང་ཧྭ་མིན་ཀོ་ལ་གོ་དགོས་ཞེས་རྩོད་པ་རྒྱག་གི་ཡོད་པ་རེད།།

ཞིས་ཅིན་ཕིང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཆོག ཐེ་ཝན་གཞུང་གིས་སྲིད་ཇུས་དེར་མོས་མཐུན་མ་བྱས་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགོག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་སྡིགས་ར་བསྐུལ་པ་སྲིད་འཛིན་ཚེ་དབྱིན་ཝེན་ལ་གནོན་ཤུགས་སྤྲོད་ཐབས་དང་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་དུ་འཇུག་རྒྱུའི་ཐབས་ཇུས་ཤིག་ཡིན། འོན་ཀྱང་ཞིས་ཅིན་ཕིང་གི་གཏམ་བཤད་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ནས་ཐེ་ཝན་གྱི་སྤྱི་ཚོགས་སུ་སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་པ་ཇེ་མང་དང་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་ངོ་རྒོལ། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་བཞིན་ཡོད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པར་མ་ཟད། ཐེ་ཝན་གྱི་ན་གཞོན་ཚོས་ང་ཚོ་ནི་རྒྱ་མི་རིགས་དང་རྒྱ་ནག་པ་མིན། ང་ཚོ་ཐེ་ཝན་པ་ཞེས་མི་རིགས་མ་འདྲ་བ་དང་རང་གི་རིག་གཞུང་ལོགས་སུ་ཡོད་པ་ཞིག་ཡིན་ཞེས་མི་རིགས་ཐ་དད་ཀྱི་འདུ་ཤེས་ཤུགས་ཆེན་འཆང་འདུག རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བར་ཉམས་ཞིབ་བྱེད་མཁན་ཚོས་ཞིས་ཅིན་ཕིང་གིས་གཏམ་བཤད་མཁྲེགས་པོ་ཞིག་བྱས་ནས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་ཐག་ཇེ་བཟང་ངམ། ཡང་ན་ཐེ་ཝན་མི་དམངས་ཀྱིས་རྒྱ་ནག་གི་འཇིགས་སྐུལ་ལ་སྣང་འཇོག་བྱེད་དུ་འཇུག་ཐུབ་མ་སོང་། ཐ་ན་མ་དབྱིན་ཇུག་གིས་ལོ་༨་ལ་ཐེ་ཝན་གྱི་སྲིད་དབང་བཟུང་བའི་དུས་སུའང་མཚོ་འགག་ཕྱོགས་གཉིས་ཀྱི་ཆབ་སྲིད་འབྲེལ་བ་ཡར་རྒྱས་ཕྱིན་མ་སོང་ཞེས་གླེང་།།

ཐེ་ཝན་གྱི་ཏམ་ཀང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨ་ལིཀ་ཟན་ཌར་ཧྭང་གིས་མཚོ་འགག་ཕྱོགས་གཉིས་གཅིག་སྒྲིལ་བྱ་རྒྱུ་དེར་གྲུབ་འབྲས་ཐོན་མེད། མ་དབྱིན་ཇུག་གིས་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས་གཉིས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་འཛིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཀྱང་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་རྒྱུ་དེར་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་ཐོན་མེད། ཞིས་ཅིན་ཕིང་གིས་ཕྱི་ལོ་༢༠༤༩་ལོ་སྟེ། རྒྱ་ནག་དམར་ཤོག་གི་སྲིད་དབང་བཟུང་ནས་ལོ་༡༠༠་འཁོར་བའི་དུས་དྲན་སྐབས་སུ་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་ཐུབ་པའི་དམིགས་ཡུལ་འཆང་ཡོད་ཀྱང་དམིགས་ཡུལ་དེ་མངོན་དུ་འགྱུར་རྒྱུ་ནི་དེ་བས་ཀྱང་དཀའ་ངལ་ཆེ་རུ་ཕྱིན་ཡོད། ༢༠༢༢་ལོར་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་༢༠་པ་འཚོགས་རྒྱུ་ཡིན་པས་ཞིས་ཅིན་ཕིང་གི་ལས་དུས་གཉིས་པར་གྲུབ་འབྲས་ཆེན་པོ་ཞིག་སྟོན་རྒྱུ་མེད། ཞིས་ཅིན་ཕིང་གི་ཁ་གཏད་པ་ཚོས་༢༠༡༥་ལོར་མ་དབྱིན་ཇུག་དང་ཞིས་གཉིས་ཐུག་འཕྲད་བྱས་པ་ཙམ་ལས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་གྱི་ཕྱོགས་སུ་གྲུབ་འབྲས་གང་ཡང་ཐོན་མ་སོང་ཞེས་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད། དེས་ན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་གཅིག་གྱུར་བྱ་ཆོག་ཅེས་གྲོས་གཞི་བཏོན་པར་སྣང་ཞེས་བཤད་འདུག

XS
SM
MD
LG