ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧྭ་ཝེ་དང་རྒྱ་ནག་གི་གསང་བའི་ལས་ཁང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འཛམ་གླིང་ཡོངས་སུ་ཐོན་རིམ་ལྔ་པའི་འཕྲིན་ལམ་འཛུགས་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ནི་ཐོན་རིམ་ལྔ་པའི་འཕྲིན་ལམ་འཛུགས་མཁན་གཙོ་གྲས་ཤིག་ཡིན་རུང་ཧྭ་ཝེ་ཁ་པར་བཟོ་ཚོང་དང་རྒྱ་ནག་གི་གསང་བའི་ལས་ཁང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཏུ་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་དང་ཉི་ཧོང་། ཐེ་ཝན་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱི་གཞུང་འབྲེལ་སྒྲིག་འཛུགས་ཁག་ལ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཐོན་རིམ་ལྔ་པའི་འཕྲིན་ལམ་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་ཅིང་། ད་ལྟ་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌའི་གཞུང་གིས་ཀྱང་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཐོན་རིམ་ལྔ་པའི་འཕྲིན་ལམ་འགོག་སྲིད་པའི་གསར་འགྱུར་ཞིག་ཐོན་ཡོད་པས་ཁེ་ན་ཌར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཁེ་ནེ་ཌའི་སྲིད་བློན་གྱིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་ལས་གཉེར་དུ་མ་བཅུག་པའམ། ཡང་ན་ཚོང་ལས་གཉེར་དུ་འཇུག་རྒྱུ་ནར་འགྱངས་གཏོང་གང་ཐུབ་བྱེད་ན་རྒྱ་ནག་གིས་ཁེ་ན་ཌར་ལན་པ་སློག་ནས་ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བར་གནོད་སྐྱོན་འཕོག་སྲིད་ཅེས་ཉེན་བརྡ་བཏང་འདུག

ཉེ་ཆར་ཨ་མི་རི་ཀས་རེ་སྐུལ་ཞུས་པ་ལྟར་ཁེ་ནེ་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་འཛིན་བཟུང་བྱས་ཤིང་། ཨ་མི་རི་ཀའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་གིས་ཚོང་ལས་ཀྱི་གན་རྒྱ་ཁག་ལ་བརྩི་མེད་བཏང་ནས་ཨི་རན་སོགས་ལ་ཚོང་ལས་གཉེར་སོང་ཞེས་ནག་ཉེས་བཙུགས། ཁེ་ན་ཌའི་གཞུང་ལ་མེན་ཝན་ཀྲུག་ཨ་མི་རི་ཀར་རྩིས་སྤྲོད་བྱ་དགོས་ཞེས་ཁྲིམས་འགུགས་ཀྱི་རྒྱུད་རིམ་མགོ་བརྩམས། དེར་བརྟེན་རྒྱ་ནག་གཞུང་གིས་ཀྱང་ཁེ་ན་ཌའི་སྤྱི་དམངས་ཁག་ཅིག་བཀག་ཉར་བྱས་ནས་ཁྲིམས་འགལ་གྱི་ཚོང་ལས་གཉེར་སོང་ཞེས་ནག་ཉེས་བཙུགས་ནས་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་བ་སྡུག་ཏུ་སོང་། ད་དུང་ཁེ་ན་ཌའི་སྲིད་བློན་གྱིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཐོན་རིམ་ལྔ་པའི་འཕྲིན་ལམ་བཀོལ་སྤྱོད་བྱ་རྒྱུ་བཀག་འགོག་བྱེད་ཚེ། རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཡོད་པའི་ཁེ་ན་ཌའི་སྤྱི་དམངས་དེ་རྣམས་རང་ཡུལ་ལ་གློད་གྲོལ་གཏོང་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ་རུ་འགྱུར་སྲིད། ཉམས་ཞིབ་པ་ཚོས་སྲིད་བློན་ཊི་རོ་ཌོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཁ་པར་ཐོན་རིམ་ལྔ་པའི་འཕྲིན་ལམ་ཁེ་ན་ཌའི་སྤྱི་ཚོགས་སུ་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་འགོག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་དང་གསང་བའི་ལས་ཁང་གི་འགོ་ཁྲིད་ཟུར་པ། ཁེ་ན་ཌའི་གསང་བའི་ལས་ཁང་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་བཅས་ཀྱིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཐོན་རིམ་ལྔ་པའི་ཁ་པར་འཕྲིན་ལམ་བདེ་འཇགས་ཡིན་མིན་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། སྲིད་བློན་ཊི་རོ་ཌོས་སྙན་ཐོ་དེར་གཞི་བཞག་ནས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཁེ་ན་ཌའི་ས་ཐོག་ཏུ་ཚོང་ལས་གཉེར་དུ་འཇུག་རྒྱུ་ཡིན་མིན་ཐག་གཅོད་བྱ་དགོས། སྲིད་བློན་ཊི་རོ་ཌོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པ་རི་ཆར་ཌི་ཧྥེ་ཌན་གྱིས་བཤད་པ་ལྟར་ན་ཁེ་ན་ཌ་ཡང་ཨ་མི་རི་ཀ་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྗེས་སུ་འབྲང་རྒྱུ་དང་སྲིད་བློན་ཊི་རོ་ཌོས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཁེ་ན་ཌའི་ས་ཐོག་ཏུ་ཚོང་ལས་གཉེར་དུ་འཇུག་རྒྱུ་འགོག་སྲིད་པའི་རྟགས་མཚན་འདུག ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་གཉེར་དུ་བཅུག་ན་ཁེ་ན་ཌའི་བདེ་འཇགས་ལ་ཉེན་ཀ་ཆེན་པོ་འཕྲད་ངེས་ཡིན། ཁེ་ན་ཌའི་མཐུན་གྲོགས་རྒྱལ་ཁབ་མང་ཆེ་བས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་ལས་གཉེར་དུ་འཇུག་གི་མེད་པས་ཁེ་ན་ཌས་ཀྱང་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱུ་མཚན་ངེས་ཅན་རེ་ཡོད་པར་སྣང་ཆུང་གཏོང་ཉན་ས་མ་རེད་ཅེས་བཤད།།

ཉམས་ཞིབ་པ་ཚོས་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་གདམ་ཀ་གསར་པ་ཞིག་མཁོ་སྒྲུབ་བྱ་དགོས། གལ་སྲིད་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བརྡ་འཕྲིན་ཚོང་ལས་ལ་ཁ་གཏད་མ་བཅགས་ན་ཨེ་ཤི་ཡ་ཧྲིལ་བོ་རྒྱ་ནག་གི་བརྡ་འཕྲིན་དང་ཁ་པར་འཕྲིན་ལམ་གྱིས་དབང་སྒྱུར་བྱ་སྲིད་པའི་ཉེན་ཀ་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་རྒྱ་ནག་གིས་འཛམ་གླིང་ཡུལ་གྲུ་གང་སར་ཁ་པར་དང་བརྡ་འཕྲིན་གྱི་འཕྲིན་ལམ་མ་ལག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་གཉིས་ངོ་བོ་གཅིག་མཚུངས་ཡིན། རྒྱ་ནག་གིས་མེ་འཁོར་ལྕགས་ལམ་དང་གནམ་ཐང་། གྲུ་ཁ་དང་རྒྱ་ལམ་འཛུགས་སྐྲུན་བྱས་ནས་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་དབང་སྒྱུར་བྱ་རྒྱུའི་ཧམ་སེམས་འཆང་ཡོད་པར་མ་ཟད། རྒྱ་ནག་གིས་འཛམ་གླིང་ཁྱོན་ཡོངས་སུ་ཐོན་རིམ་ལྔ་པའི་འཕྲིན་ལམ་བཙུགས་ནས་རྒྱལ་སྤྱིའི་འཕྲིན་ལམ་ལ་དབང་སྒྱུར་བྱ་རྒྱུའི་ཧམ་སེམས་ཀྱང་འཆང་འདུག ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨེ་ཤི་ཡ་དང་འཛམ་གླིང་ཡོངས་སུ་ཐོན་རིམ་ལྔ་པའི་བརྡ་འཕྲིན་གྱི་མ་ལག་འཛུགས་པར་མ་རྩ་འཛུགས་དགོས། རྒྱ་ནག་གིས་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཁག་ལ་མཚོ་འོག་ནས་དར་སྐུད་འཐེན་པ་དང་རྒྱ་ནག་གི་འཁོར་སྐར་གྱི་སྣང་བརྙན་སྤུས་ཚད་ཡར་རྒྱས་བཏང་ནས་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀ ལྷོ་ཨ་མི་རི་ཀ་སོགས་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་བརྡ་འཕྲིན་མ་ལག་སྲ་བརྟན་དང་ཁྱབ་གདལ་གཏོང་བཞིན་འདུག འདི་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གདོང་ལེན་ནན་པོ་ཞིག་མ་བྱས་ན་ནམ་ཞིག་རྒྱ་ནག་གི་བརྡ་འཕྲིན་མ་ལག་གིས་འཛམ་གླིང་ཡོངས་ལ་དབང་སྒྱུར་བྱ་རྒྱུའི་ཉེན་ཁ་འདུག་ཅེས་གླེང་སློང་བྱས་འདུག

རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ནི་༡༩༨༧་ལོར་མི་དམངས་བཅིངས་འགྲོལ་དམག་གི་འཕྲུལ་རྩལ་བ་ཟུར་པ་རེན་ཀྲེང་ཧྥེ་ཞེས་པ་ཞིག་གིས་གསར་དུ་བཙུགས། ཧྭ་ཝེ་བཟོ་ཚོང་ཁང་གི་དབུས་སྤྱི་ཁྱབ་ཁང་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་ཚུགས་ཏེ་ལས་བྱེད་པ་༡༧༠༠༠༠་ཡོད་ཅིང་། ད་ལྟ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་རྒྱལ་ཁབ་༡༧༠་ལྷག་ལ་སྲི་ཞུ་སྒྲུབ་ནས་ཚོང་ལས་གཉེར། མི་རི་ཀ་དང་ཁེ་ན་ཌ། དབྱིན་ཇི་དང་ཧྥ་རན་སི། བྷེལ་ཇེམ་དང་འཇར་མན་ཎི། ཧྥི་ལིན་ཌི་དང་སུད་ཌན། ཨར་ལན་ཌི་དང་ཨུ་རུ་སུ། ཨི་སི་རལ་དང་པ་ཀི་སི་ཐན། ཏུར་ཀི་དང་རྒྱ་གར་བཅས་སུ་ལན་ཡག་ལས་ཁུངས་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་ཀྱང་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲིན་ལམ་བརྒྱུད་ནས་ཡིག་ཆ་དང་བརྙན་པར་རྣམས་བསྐུར་ལེན་བྱས་པ་རྒྱ་ནག་གི་གསང་བའི་ལས་ཁང་གིས་ལྟ་ཀློག་བྱེད་ཐུབ་པ་དང་། ཧྭ་ཝེའི་ཁ་པར་གྱི་འཕྲིན་ལམ་བརྒྱུད་ནས་སྐད་ཆ་བཤད་པ་རྣམས་རྒྱ་ནག་གི་གསང་བའི་ལས་ཁང་གིས་ལྐོག་ཉན་བྱེད་ཐུབ། མདོར་ན་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་གི་བཀོད་ཇུས་འོག་ཏུ་ཚུད་ནས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་ཕྱི་འབྲེལ། དམག་དོན་དང་དཔལ་འབྱོར། ཚོང་ལས་དང་འཕྲུལ་རིག་ལག་རྩལ། སྨན་དང་ཚན་རིག་གི་ཞིབ་འཇུག་གྲུབ་འབྲས་གསར་པ་དང་གསང་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་གིས་རྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད་པས་ཨ་མི་རི་ཀ་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་གཉེར་བྱེད་དུ་འཇུག་གི་མེད་པ་རེད།།

XS
SM
MD
LG