ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ལཱ་ཊིན་རྒྱལ་ཁབ་ཁག་དང་ཝྭེ་ནེ་ཛུ་ལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོ་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ལཱ་ཊིན་ཨ་མི་རི་ཀར་རྒྱལ་ཁབ་༡༤་ཡོད་པ་དེའི་ཁོངས་ནས་རྒྱལ་ཁབ་༡༡་གིས་ཝྭེ་ནེ་ཛུ་ལའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཧྭང་གྷོ་ཡེ་དྷོ་ལ་རྒྱབ་སྐྱོར་བྱས་ཏེ་ཝྭེ་ནེ་ཛུ་ལར་ཟིང་འཁྲུག་དང་མི་གསོད་ཁྲག་སྦྱོར་མེད་པར་སྲིད་འཛིན་མ་དྷུ་རོས་སྲིད་དབང་རྩིས་སྤྲོད་བྱ་དགོས། ད་དུང་རྒྱལ་ཁབ་དེའི་མི་དམངས་ལ་ཟས་རིགས་དང་སྨན་སོགས་ཛ་དྲག་གི་སྐྱོབ་གསོ་སྤྲོད་དགོས་པ་རྣམས་འགལ་རྐྱེན་མེད་པར་སྐྱེལ་འདྲེན་བྱེད་དུ་འཇུག་དགོས་ཞེས་གསལ་བསྒྲགས་སྤེལ་འདུག

ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ཁེ་ན་ཌ་དང་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གིས་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན་ཧྭང་གྷོ་ཡེ་དྷོ་རྒྱལ་ཁབ་དེའི་ཁྲིམས་མཐུན་སྲིད་འཛིན་ལ་ངོས་ལེན་བྱས་ཀྱང་རྒྱ་ནག་དང་ཨུ་རུ་སུ། ཏུར་ཀི་སོགས་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་གིས་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། སྲིད་འཛིན་མ་དྷུ་རོས་ཀྱང་རང་ཉིད་ཝྭེ་ནེ་ཛུ་ལའི་ཁྲིམས་མཐུན་གྱི་སྲིད་འཛིན་ཡིན། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་བཙན་རྒྱལ་རིང་ལུགས་སམ། མི་སེར་སྤེལ་བའི་རིང་ལུགས་ཀྱི་ལྟ་བ་བཟུང་ནས་ཝྭེ་ནེ་ཛུ་ལའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག ཝྭེ་ནེ་ཛུ་ལའི་སྲིད་འཛིན་འོས་འདེམས་བསྐྱར་དུ་བྱེད་དགོས་དོན་མེད་ཅེས་དགག་པ་བརྒྱབ། ཧྭང་གྷོ་ཡེ་དྷོས་འགོ་ཁྲིད་པའི་ཝྭེ་ནེ་ཛུ་ལའི་ཕྱོགས་འགལ་ཚོགས་པས་སྲིད་འཛིན་མ་དྷུ་རོ་ལ་དྲང་བདེན་གྱི་ལམ་ནས་སྲིད་འཛིན་འོས་འདེམས་ཐོབ་མེད། ཁོ་པས་གཡོ་ཁྲམ་དང་ཕྱོགས་འགལ་ཚོགས་པའི་འོས་ཤོག་བརྩི་མེད་བཏང་སོང་། ཝྭེ་ནེ་ཛུ་ལའི་སྲིད་འཛིན་འོས་འདེམས་བསྐྱར་དུ་བྱ་དགོས་ཟེར།།

ཝྭེ་ནེ་ཛུ་ལའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཧྭང་གྷོ་ཡེ་དྷོས་ང་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གནས་སྐབས་རིང་སྲིད་དབང་འཛིན་ཆོག་པའི་དབང་ཚད་འདུག དེར་བརྟེན་ངས་བར་བརྒལ་སྲིད་འཛིན་གྱི་འགན་འཁྲི་བླངས་ནས་དུས་ཡུན་ཟླ་བ་༣་གྱི་རྗེས་སུ་ཝྭེ་ནེ་ཛུ་ལར་སྲིད་འཛིན་འོས་འདེམས་བྱ་འཆར་ཡོད་ཅེས་ཁྱབ་བསྒྲགས། ད་ལྟ་ཁེ་ན་ཌ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ན། བྷར་ཛིལ་དང་ཆི་ལེ། ཀོ་ལོམ་བྷི་ཡ་དང་ཀོ་སི་ཊ་རི་ཀ གྷོ་ཊི་མ་ལ་དང་ཧུན་དྷུ་ར་སི། པ་ན་མ་དང་པ་ར་གྷེ་ཡ། ཕེ་རུ་བཅས་ཀྱིས་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན་ཧྭང་གྷོ་ཡེ་དྷོ་རྒྱལ་ཁབ་དེའི་ཁྲིམས་མཐུན་གྱི་སྲིད་འཛིན་ཡིན་ཞེས་ངོས་ལེན་བྱས་ཡོད་པས་སྲིད་འཛིན་མ་དྷུ་རོས་མུ་མཐུད་དུ་ཨུ་ཚུགས་བརྒྱབ་ནས་སྲིད་དབང་འཛིན་ཐུབ་རྒྱུ་ཁག་པོ་ཆགས་འདུག

ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གིས་སྲིད་འཛིན་མ་དྷུ་རོས་ཞི་བའི་སྒོ་ནས་སྲིད་དབང་རྩིས་སྤྲོད་མ་བྱས་ཚེ། འཛམ་གླིང་རྒྱལ་ཁབ་ཁག་གིས་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོའི་སྲིད་གཞུང་ལ་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་དགོས། ཕྱིའི་རྒྱལ་ཁབ་ཁག་ཏུ་ཝྭེ་ནེ་ཛུ་ལའི་གཞུང་ལ་ཡོད་པའི་རྒྱུ་དངོས་རྣམས་སྲིད་འཛིན་མ་དྷུ་རོའི་སྲིད་གཞུང་ལ་བཀོལ་སྤྱོད་བྱེད་དུ་འཇུག་མི་ཆོག སྲིད་འཛིན་མ་དྷུ་རོའི་སྲིད་གཞུང་གིས་རྡོ་སྣུམ་དང་གསེར་སོགས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཉོ་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་ཀྱང་མེཀ་སི་ཀོ་དང་གྷུའི་ཡ་ན། སན་ཊི་ལུ་སི་ཡ་གསུམ་གྱིས་ལངས་ཕྱོགས་གསལ་བོ་བསྟན་མེད་ཅིང་། ཨ་རིའི་གཞུང་གིས་དམག་བཏང་ནས་སྲིད་འཛིན་མ་དྷུ་རོའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་མིན་པའི་ཁས་ལེན་བྱེད་མི་ཐུབ་ཅེས་སྡིགས་ར་བསྐུལ་འདུག

XS
SM
MD
LG