ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བུ་སྐྱེས་ཡུལ་སྐོར་བ།


༄༅།། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་ལྷོ་ཕྱོགས་ཀྱི་བཟོ་ཚོང་ལས་ཁང་ཞིག་གིས་རྒྱ་ནག་གི་སྦྲུམ་མ་ཚོར་སྣེ་ལེན་བྱས་ནས་བུ་སྐྱེས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་གྱི་ཡོད་པ་རྩད་གཅོད་ཐུབ་ནས་མི་གསུམ་འཛིན་བཟུང་གིས་ཨ་རིའི་དབུས་ཁྲིམས་ཁང་ལ་བཟོ་ཚོང་ཁང་དེས་བུ་སྐྱེས་ཡུལ་སྐོར་སྤྲོ་འཆམ་ཞེས་པའི་ཁྲིམས་འགལ་ཚོང་ལས་གཉེར་གྱིན་འདུག་ཅེས་ཁྲིམས་གཏུགས་བྱས་འདུག བུ་སྐྱེས་ཡུལ་སྐོར་སྤྲོ་འཆམ་ཟེར་པ་ནི་སྦྲུམ་མ་གང་ཞིག་ཕྱི་རྒྱལ་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད། ཁོ་མོའི་རང་གི་ཕྲུ་གུ་ཕྱིའི་རྒྱལ་ཁབ་དེར་སྐྱེ་རུ་བཅུག་སྟེ་བུ་ཕྲུག་ལ་རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་ཐོབ་ཐང་ལེན་གྱི་ཡོད་པ་དེར་གོ་དགོས། སྦྲུམ་མ་རྣམས་ཡོང་ས་གཙོ་བོ་ཞིག་ཨ་མི་རི་ཀ་དང་ཁེ་ན་ཌ། ཨོ་གླིང་རྒྱལ་ཁབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཡིན་ཞིང་། ཨ་མི་རི་ཀའི་རྩ་ཁྲིམས་སུ་རང་གི་ས་ཐོག་ཏུ་སྐྱེས་པའི་མི་དེར་ཕ་མ་གཉིས་སམ། ཡང་ན་ཕ་མ་གཉིས་ཀྱི་གང་རུང་ཞིག་ཨ་རིའི་སྤྱི་དམངས་ཡིན་མིན་ལ་མ་ལྟོས་པར་ཨ་མི་རི་ཀའི་སྤྱི་དམངས་ཀྱི་ཐོབ་ཐང་ཡོད་ཅེས་འཁོད་ཀྱང་ཉི་ཧོང་དང་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌི་སོགས་ནི་དེ་ལྟར་མིན། ལྷག་པར་དུ་ཉི་ཧོང་གི་སྤྱི་དམངས་ཀྱི་ཐོབ་ཐང་རེག་པར་ཉུང་མཐའ་ཡང་ཕྲུ་གུ་དེའི་ཕ་མ་གཉིས་ཀྱི་གཅིག་ཉི་ཧོང་གི་སྤྱི་དམངས་ཡིན་དགོས།།

ཨ་རིའི་གཞུང་གིས་འཛིན་བཟུང་བྱས་པའི་མི་དེ་ཚོས་རང་ལ་ནག་ཉེས་ཕོག་ནས་ཁྲིམས་གཏུགས་བྱས་ཡོད་པར་འགྲེལ་བཤད་ཅི་ཡང་བརྒྱབ་མེད་ཀྱང་མི་དེ་ཚོར་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་ལ་གཡོ་ཁྲམ་དང་ཁྲིམས་འགལ་བྱས་པའི་ནག་ཉེས་ཐོག་བཙུགས་འདུག ༢༠༡༥་ལོ་ནས་ཨ་རིའི་གཞུང་གིས་སྦྲུམ་མའི་མགྲོན་ཁང་ཟེར་པའི་ཁང་གླིང་ཁག་ལ་འཇབ་རྒོལ་གྱིས་ཁྲིམས་འགལ་གྱི་ཚོང་ལས་དེར་འགོག་རྒོལ་བྱེད་ཀྱི་ཡོད་ཅིང་། ཨ་རིའི་བཟོ་ཚོང་ལས་ཁང་དེ་ཚོས་སྦྲུམ་མ་གཅིག་གི་ལག་ནས་ཨ་སྒོར༡༥༠༠༠་ནས་༥༠༠༠༠་བར་དུ་བླངས་ཏེ་ཕྲུ་གུ་མ་སྐྱེས་བར་དུ་ཨ་མི་རི་ཀར་ཉར་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་འབྱོར་ལྡན་པ་ཚོས་རང་གི་བུ་ཕྲུག་ལ་མདུན་ལམ་བཟང་པོ་ཞིག་འཐོབ་ཐབས་དང་སློབ་སྦྱོང་གི་གོ་སྐབས་བཟང་པོ། མ་འོངས་པར་གཞུང་སྒེར་གང་ཐད་དུ་ལས་ཀའི་གོ་སྐབས་བཟང་པོ་ཡོད་པ་དང་མཁའ་རླུང་གཙང་མ། སློབ་ཆུང་ནས་མཐོ་འབྲིང་བར་དུ་སྤྱི་དམངས་སློབ་གྲྭ་ཡག་པོ་དང་སློབ་ཡོན་སྤྲོད་མི་དགོས་པ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་དང་ཆབ་སྲིད་ལམ་ལུགས་བརྟན་པོ་ཡོད་པ། ཕྱིས་སུ་ལོ་ན་རྒས་དུས་ཀྱང་བུ་ཕྲུག་དེར་རྒས་ཕོགས་དང་སྨན་ཡོན་སོགས་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་ལེགས་ས་ཞིག་ལ་སྐྱེ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་འབྱོར་ལྡན་པ་ཕལ་མོ་ཆེས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཚོང་ལས་ཀྱི་མ་རྩ་བཙུགས་ནས་རྒྱལ་ཁབ་དེ་དག་གི་སྤྱི་དམངས་ཀྱི་ཐོབ་ཐང་ཉོ་བཞིན་ཡོད་པ་དང་། རྒྱ་ནག་གི་མཁའ་རླུང་དང་འཐུང་ཆུ་འབག་བཙོག ཟས་རིགས་རྫུན་མ་དང་སྨན་རྫུན་མ། ཁོར་ཡུག་དོག་པོ། སྲིད་གཞུང་དང་སྤྱི་ཚོགས་གཉིས་ལྐོག་ཟ་རུལ་སུངས་སུ་གྱུར་པ་དང་ཁྲིམས་འགལ། ཆབ་སྲིད་ལམ་ལུགས་སྲ་བརྟན་མེད་པ་བཅས་ལ་དམིགས་ནས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པ་རེད།།

This Chinese online forum on having babies in the United States includes links to and ads for businesses promoting one-stop birth tourism services. (J. Oni/VOA)
This Chinese online forum on having babies in the United States includes links to and ads for businesses promoting one-stop birth tourism services. (J. Oni/VOA)

ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་ཉེས་འཛུགས་ཡིག་ཆའི་ནང་དུ་འཁོད་པ་ལྟར་ན་ཨ་མི་རི་ཀའི་བུ་སྐྱེས་ཡུལ་སྐོར་སྤྲོ་འཆམ་བཟོ་ཚོང་ལས་ཁང་ཁག་གིས་སྦྲུམ་མ་ཚོར་གནམ་ཐང་དུ་གྱོན་གོས་ལྷུག་པོ་གོན་ནས་ཡོང་དགོས། ཁོ་ཚོས་རང་གི་གྲོད་ཁོག་འབུར་དུ་ཐོན་ཡོད་པ་རྣམས་གྱོན་གོས་འོག་ཏུ་འགེབས་དགོས་ཞེས་སློབ་སྟོན་བྱེད་ཀྱིན་འདུག ཨ་མི་རི་ཀར་ཁྲིམས་མཐུན་དང་དྲང་བདེན་གྱི་སྒོ་ནས་སུ་ཞིག་ཡོང་རུང་དེ་ལ་དགའ་བསུ་ཡོད། ཡིན་ནའང་ཁེ་ལི་ཧྥོ་ཎི་ཡའི་ལྷོ་ཕྱོགས་ཀྱི་བཟོ་ཚོང་ལས་ཁང་དེ་དང་ཕྱི་རྒྱལ་གྱི་སྦྲུམ་མ་འབྱོར་ལྡན་པ་རྣམས་གཉིས་ཀས་ཨ་མི་རི་ཀའི་ཁྲིམས་ལ་རྒྱབ་འགལ་དང་ཨ་མི་རི་ཀའི་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་ལ་བརྩི་མེད། སྦྲུམ་མ་ཁག་ཅིག་གིས་སྨན་ཁང་དུ་ཕྲུ་གུ་སྐྱེས་པའི་རྗེས་སུ་སྨན་ཡོན་རྩིས་མ་བརྒྱབ་པར་བྲོས་བྱོལ་དུ་འགྲོ་ཡི་ཡོད་པས་ཨ་རིའི་གཞུང་དང་ཨ་མི་རི་ཀའི་སྤྱི་དམངས་ཚོས་ལོ་ལྟར་ཨ་སྒོར་དུང་ཕྱུར་མང་པོས་བུ་ལོན་འཇལ་དགོས་པ་དང་ཕྱི་རྒྱལ་གྱི་སྦྲུམ་མ་ཁྲིམས་འགལ་པ་དེ་དག་གི་ཆེད་དུ་འགྲོ་གྲོན་གཏོང་དགོས་ཀྱིན་འདུག་ཅེས་བཀོད།།

ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ནག་ཉེས་འཛུགས་ཡུལ་དེའི་གྲས་སུ་མི་༡༩་ཡོད་ཅིང་། ཁ་སང་འཛིན་བཟུང་བྱས་པའི་མི་གཅིག་ལོ་ན་༤༡་ལ་སོན་པའི་ལི་ཏུང་ཡོན་ཡིན་པ་དང་། ཁོ་པར་འདས་པའི་ལོ་གཉིས་ཀྱི་ནང་ཚུད་དུ་རྒྱ་ནག་ནས་ཨ་སྒོར་ས་ཡ་༣་འབྱོར་ཏེ་རྒྱ་མོ་སྦྲུམ་མ་༥༠༠་ལྷག་ཨ་མི་རི་ཀར་བུ་སྐྱེས་ཡུལ་སྐོར་བར་བླངས་ནས་ཕྲུ་གུ་སྐྱེ་རུ་བཅུག་འདུག ཁོ་པས་སྦྲུམ་མ་དེའི་མངལ་ལ་ཆགས་པའི་ཕྲུ་གུ་བུ་མོ་ཡིན་པ་ཤེས་རྟོགས་བྱུང་བ་དང་ཁྱོ་ག་དེར་བུ་མོ་དགོས་འདོད་མེད་ན་བུ་སྐྱེས་ཡུལ་སྐོར་སྤྲོ་འཆམ་གྱི་དངུལ་སྒོར་ཕྱིར་སློག་བྱ་རྒྱུ་ཡིན་མིན་ལའང་གྲོས་བསྡུར་བྱས་ཡོད་པ་ཨ་རིའི་གཞུང་གིས་རྩད་གཅོད་ཐུབ་འདུག ལི་ཏུང་ཡོན་གྱི་མཉམ་དུ་འཛིན་བཟུང་བྱས་པའི་མི་གཞན་གཉིས་ནི་ལོ་ན་༥༣་ལ་སོན་པའི་ལིའུ་ཝེ་ཡེའུ་དང་ལོ་ན་༤༢་ལ་སོན་པའི་ཏུང་ཅིང་གཉིས་ཡིན་པ་སྟེ། ཁོ་ཚོས་ཨ་རིའི་བདེ་སྐྱིད་ལྡན་པའི་བུ་གསོ་ཁང་ཞེས་བཟོ་ཚོང་ལས་ཁུངས་ཤིག་བཙུགས་ནས་སྦྲུམ་མ་འབྱོར་ལྡན་པ་ཚོར་སྣེ་ལེན་བྱས་པ་དང་ཁོ་ཚོས་སྦྲུམ་མ་རེའི་ལག་ནས་ཨ་སྒོར་འབུམ་གཅིག་ཡར་མར་རེ་བླངས་ཏེ་བུ་སྐྱེས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར། ༢༠༡༣་ནས་༢༠༡༤་བར་དུ་ལིའུ་ཝེ་ཡེའུ་དང་ཏུང་ཅིང་གཉིས་ལ་རྒྱ་ནག་ནས་དངུལ་ཁང་མ་འདྲ་བ་༡༤་བརྒྱུད་ནས་ཨ་སྒོར་ས་ཡ་༣་དང་འབུམ་༤་འབྱོར། ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གིས་མི་༡༦་བྲོས་བྱོལ་དུ་སོང་ཡོད་པས་ཁོ་ཚོ་ཁྲིམས་བྱོལ་བར་ངོས་འཛིན་བྱས་པ་ཡིན། ཁོ་ཚོའི་གྲས་ཀྱི་མི་གཅིག་ལ་རྒྱ་ནག་གི་དངུལ་ཁང་ཞིག་གི་ནང་དུ་ཨ་སྒོར་ས་ཡ་༡༠་ལྷག་འདུག་ཅེས་རྩད་གཅོད་བྱུང་བའི་གནས་ཚུལ་ཁག་ཅིག་ཕྱིར་བསྒྲགས་བྱས་འདུག

XS
SM
MD
LG