ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་གི་ཐེ་ཝན་གཏམ་བཤད་ལ་ལྡོག་ཕྱོགས་ཀྱི་ནུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་གཉིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་དགོས་ཞེས་བཤད། ཡིན་ནའང་ཞིས་ཅིན་ཕིང་གི་གཏམ་བཤད་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ནས་ཐེ་ཝན་གྱི་སྤྱི་ཚོགས་སུ་སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཆེ་རུ་སོང་འདུག ཞིས་ཅིན་ཕིང་གིས་ཐེ་ཝན་གྱི་འགོ་ཁྲིད་ཚོས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་དགོས། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས། གལ་སྲིད་ཐེ་ཝན་གྱི་འགོ་ཁྲིད་ཚོ་རང་བཙན་གྱི་ལམ་ཕྱོགས་སུ་མུ་མཐུད་དུ་བསྐྱོད་པའམ། ཡང་ན་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པར་ཁས་ལེན་མ་བྱས་ཚེ། རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགོག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་མིན་ཞེས་ཁས་ལེན་བྱེད་མི་ཐུབ། ༡༩༩༢་ལོར་ཐེ་ཝན་དང་རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད། ཐེ་ཝན་གྱི་འགོ་ཁྲིད་ཚོས་༡༩༩༢་ལོའི་གྲོས་མཐུན་ལ་བརྩི་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན་ཞིས་ཅིན་ཕིང་གི་གཏམ་བཤད་རྗེས་སུ་ཐེ་ཝན་མཚོ་གླིང་དུ་སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་པ་ཇེ་མང་དང་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་ངོ་རྒོལ། ཐེ་ཝན་མི་དམངས་ལ་རང་གི་དམངས་གཙོའི་ལམ་ལུགས་དང་རང་དབང་གི་ཐོབ་ཐང་རྣམས་བློས་བཏང་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་འགྲོ་འདོད་མེད་པའི་རྣམ་པ་གསལ་བོར་ཐོན་འདུག རྒྱ་ནག་གཞུང་གིས་དམག་དོན་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་ཐེ་ཝན་ལ་སྡིགས་ར་བསྐུལ་པ་དང་གནོན་ཤུགས་སྤྲོད་ཀྱི་ཡོད་རུང་ཐེ་ཝན་མི་དམངས་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་གྱི་མེད་ཅིང་། དཔེར་ན་ལོ་ན་༢༦་ལ་སོན་པའི་ཐེ་ཝན་པ་ཀོ་ལིན་ཧན་ཞེས་པ་ཞིག་གིས་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་སྤྲོད་དགོས་ཟེར་གྱི་ཡོད་པ་ནི་གཡོ་ཐབས་འབའ་ཞིག་རེད་ཅེས་བཤད་ཡོད་པར་མ་ཟད། ལོ་ན་༢༧་ལ་སོན་པའི་ཝུ་དབྱི་ཤོན་ཞེས་པ་ཞིག་གིས་ཀྱང་ང་ནི་ཐེ་ཝན་པ་ཡིན། ང་ཚོའི་ཡུལ་ལུང་ཡང་ཐེ་ཝན་ཡིན། ང་ཚོར་རྒྱ་རིགས་ཐེ་ཝན་པ་དང་རྒྱ་ནག་གི་ཐེ་ཝན་ཞེས་མིང་འདི་འཁུར་འདོད་མེད་ཅེས་ལན་བཏབ། ཐེ་ཝན་གྱི་ན་གཞོན་ཚོར་རང་ཉིད་ཐེ་ཝན་པ་ཡིན་པའི་འདུ་ཤེས་ཤུགས་ཆེ་བ་འདུག

ཟླ་བ་འདིར་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་དང་ཐེ་ཝན་གྱི་སྤྱི་དམངས་བསམ་ཚུལ་ཐེབས་རྩ་ཁང་གཉིས་ཀྱིས་མི་མང་ལ་ཁ་པར་བཏང་ནས་བསམ་ཚུལ་དྲིས། མི་མང་སྐད་ཆ་འདྲི་ཡུལ་དེ་ཚོར་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་ཐོབ་ཐང་སྤྲོད་དགོས་ཟེར་པ་འོས་འཚམས་ཤིག་ཡིན་མིན་དང་ཐེ་ཝན་ལ་ཁེ་ཕན་ཡོད་པ་ཞིག་ཡིན་མིན་དྲིས་འདུག ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་དང་སྤྱི་དམངས་བསམ་ཚུལ་ཐེབས་རྩ་ཁང་གཉིས་ཀས་རང་རང་གི་ཞིབ་འཇུག་གྲུབ་འབྲས་རྣམས་ཕྱིར་བསྒྲགས། ཐེ་ཝན་གྱི་སྤྱི་དམངས་བསམ་ཚུལ་ཐེབས་རྩ་ཁང་དང་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གཉིས་ཀྱིས་ཐེ་ཝན་པ་༡༠༧༤་ལ་སྐད་ཆ་དྲིས། མི་གྲངས་བརྒྱ་ཆ་༣༤་དང་ཕྱེད་ཀ་ལྷག་གིས་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཞིས་ཅིན་ཕིང་གི་གཏམ་བཤད་ལ་དགག་པ་ནན་པོ་བརྒྱབ་པར་དགའ་བསུ་ཞུས། ཐེ་ཝན་པ་བརྒྱ་ཆ་༧༥་དང་གྲངས་ཆུང་༤་ལྷག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་དང་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༤་དང་གྲངས་ཆུང་༣་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་པ་རྩོད་གཞི་ཅན་ཞིག་རེད་ཅེས་ལན་བཏབ། ཐེ་ཝན་པ་བརྒྱ་ཆ་༧༧་དང་གྲངས་ཆུང་༢་ཀྱིས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་དམག་བརྒྱབ་ནས་གཅིག་གྱུར་བྱ་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པར་ངོ་རྒོལ་ཡོད་ཅེས་ལན་འདེབས་བྱས་འདུག ཐེ་ཝན་གྱི་སྤྱི་དམངས་བསམ་ཚུལ་ཐེབས་རྩ་ཁང་གི་འགན་འཛིན་ཡུ་དབྱིང་ལུང་གིས་གསར་འགོད་པར་ཞིས་ཅིན་ཕིང་གིས་གཏམ་བཤད་མཁྲེགས་པོ་ཞིག་བྱས་པ་དང་ཚེ་དབྱིན་ཝེན་གྱིས་གཏམ་བཤད་དེར་དགག་པ་ནན་པོ་བརྒྱབ་པའི་སྟབས་ཀྱིས་ཐེ་ཝན་གྱི་སྤྱི་ཚོགས་སུ་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་པ་ཇེ་མང་དུ་སོང་འདུག་ཅེས་བཀྲལ།།

ཞིས་ཅིན་ཕིང་གི་གཏམ་བཤད་དེར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འཕྲལ་དུ་དགག་པ་བརྒྱབ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་ཐབས་མེད། ཐེ་ཝན་གྱིས་ནམ་ཡང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་གྲོས་མཐུན་ཞིག་ལ་མོས་མཐུན་བྱས་མྱོང་མེད། ཐེ་ཝན་གྱི་ལས་དབང་ནི་མཚོ་གླིང་དེའི་མི་དམངས་ས་ཡ་༢༣་གྱིས་དམངས་གཙོའི་འོས་འདེམས་ཀྱི་ལམ་ནས་ཐག་གཅོད་བྱ་དགོས། ཐེ་ཝན་ལ་རང་དབང་དང་དམངས་གཙོའི་ལམ་ལུགས་ཤིག་དར་ཡོད། ཐེ་ཝན་ཞེས་པའི་རང་བཙན་རྒྱལ་ཁབ་ཅིག་དངོས་སུ་ཡོད་པར་རྒྱ་ནག་གིས་ནག་སུབ་གཏོང་ཐུབ་ཐབས་མེད་ཅེས་ཐེ་ཝན་གྱི་བདག་དབང་དང་མཚོ་གླིང་དེའི་རང་བཙན་གྱི་གནས་བབ་ལ་སྲུང་སྐྱོབ་བྱས་ཤིང་། ན་ནིང་ཕྱི་ཟླ་༡༡་པར་ཐེ་ཝན་ལ་གྲོང་ཁྱེར་དང་ས་གནས་རིམ་པའི་འགོ་ཁྲིད་ཚོ་འོས་འདེམས་ནས་གོ་མིན་ཏང་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་གཞུང་འཛིན་དམངས་གཙོ་ཡར་ཐོན་པར་ཕམ་ཉེས་ཆེན་པོ་བྱུང་ནས་སྟོབས་ཤུགས་ཉམས། ཡིན་ནའང་ཉེ་དུས་ཤིག་ནས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྟོབས་ཤུགས་སླར་གསོ་ཐུབ་འདུག རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ས་གནས་རིམ་པ་དང་གྲོང་ཁྱེར་རིམ་པའི་གོ་མིན་ཏང་གི་ས་གནས་སྲིད་གཞུང་ཁག་ལ་འབྲེལ་བ་ཡག་ཏུ་གཏོང་རྒྱུ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་ཐེ་ཝན་གྱི་དབུས་གཞུང་དང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་ཟུར་དུ་ཕུད་རྒྱུའི་ངན་ཇུས་བཤམས་མོད། འོན་ཀྱང་ཞིས་ཅིན་ཕིང་གི་གཏམ་བཤད་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ནས་སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་པ་ཇེ་མང་དུ་སོང་འདུག

རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་རྩིས་བླངས། དབྱིན་ཇི་དང་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ། ཧོང་ཀོང་གི་ནང་སྲིད་ལ་རྒྱ་ནག་དབུས་གཞུང་གིས་ཐེ་གཏོགས་བྱ་རྒྱུ་མིན། ཧོང་ཀོང་གི་སྲིད་སྐྱོང་དང་ས་གནས་དེའི་གྲོས་ཚོགས་འཐུས་མི་རྣམས་ཧོང་ཀོང་མི་དམངས་ལ་འོས་འདེམས་བྱེད་དུ་འཇུག་ཆོག་ཅེས་ཁས་ལེན་བྱས་ནས་གྲོས་མཐུན་ལ་མིང་རྟགས་བཀོད། ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་དང་རྒྱ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྣམས་ལག་ལེན་ཡག་པོ་ཞིག་བསྟར་གྱི་མེད་པས་ཧོང་ཀོང་གི་ན་གཞོས་ཚོས་ཧོང་ཀོང་རང་བཙན་བྱ་དགོས་ཞེས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་འགོ་ཚུགས། ཧོང་ཀོང་གི་གནས་སྟངས་ལ་གཞིགས་ནས་ཐེ་ཝན་གཞུང་དམངས་གཉིས་ཀར་ཉམས་མྱོང་གསར་པ་ཞིག་ཐོབ་སྟེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་མོས་མཐུན་བྱེད་ཀྱི་ཐུབ་མེད་པ་རེད།།

XS
SM
MD
LG