ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རིའི་སྲིད་གཞུང་སྒོ་འབྱེད་པའི་ཐབས་ལམ་ལྔ།


༄༅།། ད་ལྟ་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་བཞི་ཆའི་གཅིག་སྒོ་བརྒྱབ་ནས་ཉིན་གྲངས་༢༤་འགྲོ་བཞིན་ཡོད་པ་ནི་ཨ་རིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་ཞིག་དང་སྲིད་གཞུང་སྒོ་བརྒྱབ་པའི་གྱོང་གུད་ཀྱང་དབུས་གཞུང་གི་ལས་བྱེད་པ་གཅིག་པུ་མིན་པར་ཚོང་ལས་དང་གནམ་ཐང་གི་བདེ་འཇགས་སྲུང་སྐྱོབ། ཨ་རིའི་རྒྱལ་ཡོངས་སྤྱི་གླིང་ཁག་སྒོ་བརྒྱབ་ནས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་དང་མི་མང་རྣམས་ལྟ་སྐོར་ལ་འགྲོ་ཐུབ་ཀྱི་མེད་པ། ཟས་རིགས་དང་སྨན་གྱི་སྤུས་ཚད་ལ་ཞིབ་འཇུག་བྱེད་མཁན་འདང་ངེས་མེད་པ་དང་ཨ་མི་རི་ཀའི་དབུས་གཞུང་གི་ལས་བྱེད་པ་འབུམ་༨་ལྷག་ལ་ལས་ཀ་མེད་པའམ། ཡང་ན་དགོས་ངེས་ཀྱི་ལས་བྱེད་པ་ཚོར་གླ་ཕོགས་དུས་ཐོག་ཏུ་སྟེར་མ་ཐུབ་པར་སྲི་ཞུ་བསྒྲུབ་དགོས་པའི་དཀའ་ངལ་རྣམས་ཕྱོགས་ཀུན་ལ་ཁྱབ་ཀྱི་ཡོད་ཅིང་། ད་ལྟ་ཨ་མི་རི་ཀའི་སྤྱི་ཚོགས་སུ་སྲིད་གཞུང་སྒོ་བརྒྱབ་པའི་ལན་ཁག་གཙོ་བོ་སྲིད་འཛིན་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ལའང་ལྷག་བསམ་རྣམ་དག་གིས་སྲིད་གཞུང་སྒོ་འབྱེད་ཐབས་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཡོང་གི་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག ཡིན་ནའང་ད་སྔ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ལངས་ཕྱོགས་ལ་གུ་བཤངས་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་གྲོས་བསྡུར་བྱས་ནས་སྲིད་གཞུང་སྒོ་འབྱེད་རྒྱུའི་རྣམ་འགྱུར་སྟོན་གྱི་མེད་པས་ཉམས་ཞིབ་པ་ཚོས་ཨ་རིའི་དབུས་གཞུང་སྒོ་འབྱེད་ཐུབ་པའི་ཐབས་ལམ་ལྔ་བསྟན།།

༡ སྲིད་འཛིན་ཌོ་ནལ་ཊམ་གྱིས་གུ་བཤངས་བྱ་རྒྱུ།

ཐབས་ལམ་དང་པོ་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གནས་སྐབས་རིང་གྲོས་ཚོགས་ཀྱི་གཞུང་གྲོན་ཆོག་མཆན་བཀོད་པར་མིང་རྟགས་བཀོད་ནས་སྲིད་གཞུང་སྒོ་ཕྱེ་པ་དང་དེ་ནས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་ཞིག་བསླང་རྒྱུའི་གཞུང་གྲོན་ལ་གྲོས་བསྡུར་བྱེད་ཆོག་ཀྱང་སྲིད་འཛིན་གྱིས་ནམ་ཡང་ཐབས་ལམ་འདི་གདམ་མི་སྲིད། དེའི་རྒྱུ་མཚན་ནི་ཁ་སྔོན་ཕྱི་ཟླ་༡༢་པའི་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་གནས་སྐབས་རིང་གི་གཞུང་གྲོན་དངུལ་རྩིས་ཤིག་ལ་མིང་རྟགས་བཀོད་ནས་སྲིད་གཞུང་སྒོ་རྒྱག་མི་དགོས་པའི་མོས་མཐུན་བྱས་ཀྱང་ཨ་རིའི་རྙིང་ཞེན་མཁྲེགས་འཛིན་ཅན་གྱི་རླུང་འཕྲིན་རྒྱང་སྒྲོག་པ་གྲགས་ཅན་ར་ཤི་ལིམ་བྷོ་དང་ཨན་ཀོལ་ཊར་སོགས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་རྡུང་དྲག་པོ་བཏང་བས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཁས་ལེན་དམ་བཅའ་ཁག་ལ་བརྩི་མེད་གཏོང་དགོས་བྱུང་ཞིང་། གལ་ཏེ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་པ་རྙིང་ཞེན་མཁྲེགས་འཛིན་པའི་ལྟ་བ་དང་ལངས་ཕྱོགས་དེ་ཉིད་མ་བསྒྲུབས་ཚེ། ༢༠༢༠་ལོར་སྲིད་འཛིན་ཌོ་ནལ་ཊམ་ལ་ནམ་ཡང་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་མེད་པས་ཌོ་ནལ་ཊམ་གྱིས་རང་གི་ལངས་ཕྱོགས་ལ་གུ་བཤངས་བྱ་རྒྱུ་བསྒྲུབ་མི་སྲིད་པ་ཞིག་ལ་གྱུར་འདུག

༢ གྲོས་ཚོགས་ཚོགས་གཙོ་ནན་སི་ཕེ་ལི་སིས་གུ་བཤངས་བྱ་རྒྱུ།

ཐབས་ལམ་གཉིས་པ་ནི་ཨ་རིའི་སྲིད་གཞུང་སྒོ་འབྱེད་ཐབས་ལ་ནན་སི་ཕེ་ལོ་སིས་ཨ་རིའི་གྲོས་ཚོགས་འོག་མར་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་སྒོར་དུང་ཕྱུར་༡༠་ཐམ་པ་ས་མཚམས་སུ་རྩིག་གྱང་འཛུགས་སྐྲུན་བྱེད་པའི་འགྲོ་གྲོན་ཆོག་མཆན་བཀོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉུང་མཐར་ཡང་ཨ་སྒོར་དུང་ཕྱུར་༥༧་དགོས་ཟེར་གྱི་ཡོད་ཅིང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ས་མཚམས་སུ་རྩིག་གྱང་བསླང་རྒྱུ་རྩ་དོན་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་པ་ལྟར་དམངས་གཙོ་ཚོགས་པས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་མི་བསླང་བ་དང་རྩིག་གྱང་བསླང་ན་ཕན་ཐོགས་མེད་པ་རང་གི་སྲིད་དོན་ཚོགས་པའི་རྩ་དོན་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་པར་མ་ཟད། ཕྱི་ཟླ་དང་པོ་འདི་ནས་དམངས་གཙོ་ཚོགས་པས་ཨ་རིའི་གྲོས་ཚོགས་འོག་མར་འཐུས་མི་གྲངས་མང་གི་གདན་སྟེགས་ཐོབ་པ་ནས་བཟུང་། ནན་སི་ཕེ་ལོ་སིས་རང་ཉིད་སྲིད་འཛིན་ཌོ་ནལ་ཊམ་ལ་རང་ཉིད་མི་མཁྲེགས་པོ་དང་ལངས་ཕྱོགས་བརྟན་པོ་འཛིན་པའི་མི་ཞིག་ཡིན་པའི་རྣམ་འགྱུར་སྟོན་དགོས་པ་རེད།།

༣ གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་གུ་བཤངས།

ཐབས་ལམ་གསུམ་པ་ནི་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་སྟེ། ༢༠༢༠་ལོར་འོས་འདེམས་ཀྱི་འགྲན་རྩོད་ལ་ཞུགས་དགོས་པའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རང་གི་སྲིད་དོན་ཚོགས་པའི་ཞེན་ཁོག་དོར་ནས་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་གི་རྒྱབ་སྐྱོར་ལ་བརྟེན་ནས་སྲིད་འཛིན་གྱིས་ཆོད་སློག་གཏོང་མི་ཐུབ་པའི་གཞུང་གྲོན་དངུལ་རྩིས་ཤིག་གཏན་འབེབས་བྱས་ན་སྲིད་གཞུང་སྒོ་འབྱེད་ཐུབ་ཀྱང་དེ་ལྟར་བསྒྲུབ་དཀའ། དེ་ནི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཱི་ཆི་མེ་ཁ་ནོས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་གཏད་གཅོག་རྒྱུ་མིན་པས་ཁས་ལེན་བྱས་ཡོད་པ་དང་སྲིད་འཛིན་གྱིས་མཚན་རྟགས་མི་འགོད་པའི་གྲོས་གཞི་ཞིག་ལ་གྲོས་ཚོགས་གོང་མར་གྲོས་ཆོད་འཇོག་ཏུ་འཇུག་རྒྱུ་མིན་ཞེས་བསྒྲགས། ཨ་རིའི་གྲོས་ཚོགས་སུ་གྲོས་ཆོད་གང་འདྲ་ཞིག་བཞག་ཀྱང་གྲོས་ཚོགས་གོང་མའི་ཚོགས་གཙོས་གྲོས་གཞི་དེ་ཚོར་ཐག་གཅོད་བྱ་དགོས་པས་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་གུ་བཤངས་བྱ་མི་སྲིད།།

༤ ཕོ་བྲང་དཀར་པོ་དང་དམངས་གཙོ་ཚོགས་པ་གྲོས་མཐུན།

ཐབས་ལམ་བཞི་པ་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དམངས་གཙོ་ཚོགས་པས་རྩ་དོན་གལ་ཆེན་ཞིག་ཏུ་རྩི་བཞིན་པའི་ཕྱི་མི་གཞིས་ཆགས་པ་ན་གཞོན་རྣམས་རིམ་བཞིན་ཨ་མི་རི་ཀའི་སྤྱི་དམངས་སུ་འགྱུར་དུ་འཇུག་རྒྱུ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུའི་འགྲོ་གྲོན་སྤྲད་ནས་སྲིད་གཞུང་སྒོ་འབྱེད་དགོས་པ་སྟེ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སི་གྷ་རམ་གྱིས་སྲིད་འཛིན་དང་དམངས་གཙོ་ཚོགས་པས་ནང་ཚོང་རྒྱག་དགོས་ཞེས་བཤད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པའི་ཕྲུ་གུ་རྣམས་རིམ་བཞིན་ཨ་མི་རི་ཀའི་སྤྱི་དམངས་སུ་འགྱུར་དུ་འཇུག་རྒྱུ་དང་ཐོབ་ཐང་འདྲ་མཉམ་སྤྲོད་རྒྱུ་དེར་མོས་མཐུན་ཡོད་པའི་རྟགས་མཚན་ཙམ་ཡང་སྟོན་གྱི་མེད་པར་མ་ཟད། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་ལ་ནང་ཚོང་རྒྱག་རྒྱུའི་རྣམ་འགྱུར་སྟོན་གྱི་མེད་པ་དང་། དེའི་རྒྱུ་མཚན་ནི་སྲིད་འཛིན་ཌོ་ནལ་ཊམ་རང་གིས་ཁས་ལེན་དམ་བཅའ་ཁག་ལ་བརྩི་མེད་རིམ་པ་ཞིག་བཏང་བར་དམངས་གཙོ་ཚོགས་པས་སྲིད་འཛིན་གྱི་ཁས་ལེན་ཁག་ལ་ཡིད་ཆེས་བྱེད་ཐུབ་ཀྱི་མེད་པ་རེད།།

༥ ཛ་དྲག་གི་ཁྲིམས་སྡོམ་ཁྱབ་བསྒྲགས།།

ཐབས་ལམ་ལྔ་པ་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་བསྟུན་མ་དགོས་པར་རྒྱལ་ཁབ་ཀྱི་ཛ་དྲག་ཁྲིམས་སྡོམ་དབང་ཚད་བཀོལ་ནས་རང་བྱུང་གོད་ཆག་གི་ངལ་སྐྱོབ་འགྲོ་གྲོན་དང་རྒྱལ་སྲུང་གི་འགྲོ་གྲོན་རྣམས་དམིགས་སྒོ་ཁག་ལ་ཚུལ་བཞིན་མ་བཏང་བར་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུ་དེ་ལ་འགྲོ་གྲོན་གཏོང་ཆོག་གི་ཡོད། འོན་ཀྱང་སྲིད་འཛིན་ཛ་དྲག་ཁྲིམས་སྡོམ་དབང་ཚད་ཟེར་པ་ནི་རྒྱལ་ཁབ་ལ་དམག་འཁྲུག་ལངས་པ་དང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་བྱུང་བ། ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་དང་ས་མཚམས་སྲུང་སྐྱོབ་པ་ཚོས་སྲིད་འཛིན་ལ་ཛ་དྲག་ཁྲིམས་སྡོམ་ཁྱབ་བསྒྲགས་བྱ་དགོས་ཞེས་གྲོས་གཞི་བཏོན་ནས་སྲིད་འཛིན་གྱིས་ཁྲིམས་དེ་ལག་ལེན་བསྟར་ཆོག་པ་ཞིག་ཡིན་ཞིང་། ད་ལྟ་ཨ་མི་རི་ཀའི་ལྷོ་ཕྱོགས་ས་མཚམས་སུ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཆུ་ལོག་ལྟར་ལུག་ཡོང་གི་མེད་པས་སྲིད་འཛིན་གྱིས་ཛ་དྲག་ཁྲིམས་སྡོམ་དབང་ཚད་བཀོལ་ཆོག་པའི་ཆ་རྐྱེན་མེད་པ་དང་། གལ་སྲིད་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཛ་དྲག་ཁྲིམས་སྡོམ་དབང་ཚད་ལག་ལེན་བསྟར་ན་ཁྲིམས་ཁང་ལ་ཐུག་ནས་དཀའ་ངལ་ཆེན་པོ་འཕྲད་སྲིད་པས་ཨ་རིའི་ཁྲིམས་ཁང་གིས་རྩིང་གྱང་བསླང་རྒྱུ་འགོག་སྲིད་པའི་ཉེན་ཀ་ཆེན་པོ་ཡོད། མདོར་ན་ཨ་མི་རི་ཀའི་སྲིད་གཞུང་སྒོ་བརྒྱབ་ཡོད་པ་བསྐྱར་དུ་འབྱེད་ཐུབ་པའི་ཐབས་ལམ་ལྔ་ཡོད་ཀྱང་སྲིད་འཛིན་དང་དམངས་གཙོ་ཚོགས་པར་ཐབས་ལམ་ལྔ་པོའི་གཅིག་ཀྱང་ལག་ལེན་བསྟར་འདོད་མེད་པ་དང་། ད་ལྟ་ཨ་མི་རི་ཀའི་སྲིད་གཞུང་སྒོ་བརྒྱབ་ཡོད་པ་དང་སྒོ་འབྱེད་དགོས་པ་གཉིས་ནི་གནས་སྐབས་ཀྱི་རྩོད་གཞི་ཞིག་མིན་པར་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་དམིགས་ཡོད་པས་སྲིད་དོན་ཚོགས་པ་གཉིས་ཀར་རང་གི་ལྟ་བ་དང་ལངས་ཕྱོགས་བློས་གཏོང་འདོད་མེད་པ་རེད།།

XS
SM
MD
LG