ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་ཀྱི་གླེང་སློང་།


༄༅།། ཕྱི་ཟླ་དང་པོའི་ཚེས་༨་ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མས་རྩོད་གཞི་ཅན་གྱི་སྤྱི་དམངས་ཐོབ་ཐང་ཁྲིམས་འཆར་ཞིག་ལ་མོས་མཐུན་བྱས་ནས་གྲོས་ཆོད་བཞག་ཀྱང་སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་དེར་རྒྱ་གར་གྱི་ས་གནས་གང་སར་ངོ་རྒོལ་དང་། ལྷག་པར་དུ་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་ཏུ་བཅའ་ཁྲིམས་དེར་ངོ་རྒོལ་ཤུགས་ཆེན་བྱས་ནས་ཉིན་རེའི་ཚོང་ལས་ཀྱི་བྱེད་སྒོ་ཁག་འགགས་ཡོད་ཅིང་། རྒྱ་གར་གྱི་གྲོས་ཚོགས་འོག་མས་གཏན་འབེབས་བྱས་པའི་སྤྱི་དམངས་བཅའ་ཁྲིམས་གསར་པ་དེར་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་བཙན་བྱོལ་དུ་སླེབས་པའམ། ཡང་ན་ཁྲིམས་འགལ་ཐོག་ཏུ་རྒྱ་གར་གྱི་ས་ཐོག་ཏུ་གཞིས་ཆགས་ཡོད་པའི་ཁ་ཆེ་མ་ཡིན་པ་རྣམས་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་ཆོག་ཅེས་ཐག་གཅོད་བྱས་འདུག

རྒྱ་གར་གྱི་བྷེ་ཇེ་བྷི་གཞུང་འཛིན་ཚོགས་པའི་ནང་སྲིད་བློན་ཆེན་ར་ཇི་ན་ཏེ་སིང་གིས་ང་ཚོས་སྤྱི་དམངས་ཀྱི་ཐོབ་ཐང་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་བ་ཁ་ཆེ་ཚོར་ཐོབ་ཐང་འདྲ་མཉམ་མི་སྤྲོད་པའི་ཆེད་དུ་དབྱེ་འབྱེད་བྱས་པ་ཞིག་མིན། བཅའ་ཁྲིམས་དེ་ཧིན་རྡུ་དང་གཅེར་བུ་བ། པར་སི་བ་དང་དེ་མིན་གྱི་ཁ་ཆ་མ་ཡིན་པའི་གྲངས་ཉུང་མི་རིགས་ཁག་བྷང་ག་ལ་དང་པ་ཀི་སི་ཐན། ཨབ་གྷ་ཎི་སི་ཐན་སོགས་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་ན་ཐོབ་ཐང་འདྲ་མཉམ་སྤྲོད་པའི་ཆེད་དུ་ཡིན། རྒྱ་གར་གྱི་རྩ་ཁྲིམས་སུ་ཆོས་ལུགས་མ་འདྲ་བའི་རྗེས་འཇུག་པ་རྣམས་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་མི་ཆོག་ཅེས་བཀོད་ཡོད་པར་ལེགས་བཅོས་བཏང་བ་ཞིག་ཡིན་པའི་འགྲེལ་བཤད་བརྒྱབ་ཀྱང་ཉམས་ཞིབ་པ་ཚོས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་བ་ནི་ལོ་འདིར་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པར་དམིགས་ཡོད། སྲིད་བློན་ན་རེན་དྷ་ར་མོ་དྷིའི་གཞུང་གིས་བྷེ་ཇེ་བྷི་སྲིད་དོན་ཚོགས་པ་ནི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་ཞིག་མིན་པར་ཆོས་ལུགས་དང་ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་གཉའ་གནོན་ཕོག་པའི་མི་ཚོར་སྐྱབས་ཡུལ་སྤྲོད་པའི་སྲིད་གཞུང་ཞིག་ཡིན་པའི་རྣམ་པ་སྟོན་ཐབས་ཤིག་རེད་ཅེས་གླེང་།།

རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་མངའ་སྡེའི་ས་གནས་ཁག་ཏུ་རྒྱ་ལམ་བཀག་པ་དང་རླངས་འཁོར་གྱི་འཁོར་ལོ་རྙིང་པ་རྣམས་མེར་སྲེག་བཏང་སྟེ་བྷི་ཇེ་བྷི་གཞུང་འཛིན་ཚོགས་པའི་ས་གནས་ལས་ཁུངས་གཉིས་ལ་གཏོར་བཅོམ། མི་ཚོགས་ཀྱིས་འགྲིམ་འགྲུལ་བཀག་པ་དང་ཞོགས་པ་ནས་ཕྱི་དྲོ་བར་དུ་ཚོང་ལས་གཉེར་དུ་བཅུག་མེད་པས་ཨ་སམ་མངའ་སྡེའི་ཉེན་རྟོག་པའི་མགྲིན་ཚབ་པ་ཨ་གྷར་ཝལ་གྱིས་མི་མང་ངོ་རྒོལ་བ་༧༠༠་ལྷག་འཛིན་བཟུང་བྱས་ཡོད་པ་ཡིན་ཞེས་ངེས་གཏན་བྱས་འདུག རྒྱ་གར་གྱི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བའི་ཁྲོད་དུ་མཆི་སྦྱིན་དུག་རླངས་གཏོར་ནས་མི་ཚོགས་རྣམས་ཁ་གཏོར་གཏོང་ཐབས་བྱས་འདུག

ཨ་སམ་རྒྱལ་ཡོངས་སློབ་ཕྲུག་ཚོགས་པའི་འགོ་ཁྲིད་བྷ་ཏ་ཨ་ཅྱ་ཞེས་པ་ཞིག་གིས་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་ནི་ཆོས་ལུགས་གཞི་རྩར་བཟུང་ནས་སྤྲོད་སྲོལ་ཡོད་པ་ཞིག་ལ་སྒྱུར་གྱི་འདུག འདི་ནི་རྒྱ་གར་ལ་ཆོས་ལུགས་དང་མ་འབྲེལ་བའི་རྩ་ཁྲིམས་ཤིག་གཏན་འབེབས་བྱུང་ཡོད་པའི་དགོངས་དོན་ལ་རྒྱབ་འགལ་ཡིན། འདས་པའི་ལོ་མང་རིང་བྷང་ག་ལ་ནས་ཁ་ཆེ་ཚོ་ཨ་སམ་མངའ་སྡེར་བྲོས་བྱོལ་དུ་ཡོང་རྒྱུ་ཇེ་མང་དུ་ཕྱིན་ཡོད། ད་དུང་ཡང་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་ཚོར་ཁྲིམས་མཐུན་གྱི་གནས་སྡོད་ཆོག་པའི་ཐོབ་ཐང་དང་སྤྱི་དམངས་ཀྱི་ཐོབ་ཐང་སྤྲད་ཚེ། ཨ་སམ་མངའ་སྡེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མིའི་ཚོགས་སྡེ་ཁག་ལ་དོ་ཕོག་ཐེབས་ས་རེད། ཨ་སམ་མངའ་སྡེའི་ས་ཐོག་ཏུ་བྷང་ག་ལ་ནས་ཁ་ཆེ་སྐྱབས་བཅོལ་བ་ཡོང་རྒྱུ་མང་དྲགས་ཡོད། ད་ལྟ་དབུས་གཞུང་གིས་བྷང་ག་ལའི་ཧིན་རྡུ་སོགས་ཨ་སམ་མངའ་སྡེར་ཁྲིམས་མཐུན་གྱི་སྒོ་ནས་ཡོང་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ནས་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་འཆར་འདུག ང་ཚོས་ཆོས་ལུགས་ལ་ཁྱད་པར་མེད་པར་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་རྣམས་རྩད་གཅོད་བྱས་ནས་རང་ཡུལ་ལ་ཕྱིར་སློག་བྱ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་ཅེས་བཤད།།

༡༩༧༡་ལོར་ལངས་པའི་པ་ཀི་སི་ཐན་དང་བྷང་ག་ལའི་དམག་འཁྲུག་གི་རྗེས་སུ་བྷང་ག་ལ་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོར་རྒྱ་གར་གཞུང་གིས་གནས་སྡོད་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་པས་དུས་ནས་དུས་སུ་ཨ་སམ་མངའ་སྡེའི་སློབ་ཕྲུག་དང་མི་མང་གིས་བྷང་ག་ལའི་སྐྱབས་བཅོལ་བ་ཚོར་ངོ་རྒོལ་བྱས་ནས་ཟིང་འཁྲུག་ཆེན་པོ་སློང་ཡོད་ཅིང་། རྒྱ་གར་གྱིས་གྲོས་ཚོགས་འོག་མས་གཏན་འབེབས་བྱུང་བའི་བཅའ་ཁྲིམས་དེར་རྒྱ་གར་གྱི་གྲོས་ཚོགས་གོང་མས་མོས་མཐུན་རྒྱབ་སྐྱོར་འཐོབ་རྒྱུའི་རེ་བ་མེད་པ་སྟེ། རྒྱ་གར་གྱི་གྲོས་ཚོགས་གོང་མར་བྷེ་ཇེ་བྷི་གཞུང་འཛིན་ཚོགས་པར་འཐུས་མི་གྲངས་མང་གི་གདན་གྲངས་མེད་ཀྱང་རྒྱ་གར་གཞུང་གིས་བཅའ་ཁྲིམས་དེ་གྲོས་ཚོགས་གོང་མའི་ཆོག་མཆན་མ་ཐོབ་པར་ལག་ལེན་བསྟར་ཆོག རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་མཐུན་གྲོགས་ཨ་སམ་མི་དམངས་ཚོགས་པས་བཅའ་ཁྲིམས་འདིར་ངོ་རྒོལ་བྱས་ནས་གཞུང་འཛིན་མཉམ་སྐྱོང་སྲིད་གཞུང་ཁོངས་ནས་ཕྱིར་འཐེན་བྱས་པ་དང་། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱིས་ང་ཚོས་༡༩༨༥་ལོར་ཨ་སམ་མི་དམངས་ཚོགས་པ་བཙུགས་ནས་བཟུང་སྟེ་བྷང་ག་ལ་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ལེན་རྒྱུ་དེར་ངོ་རྒོལ་བྱེད་བཞིན་ཡོད། ད་དུང་ཡང་ང་ཚོའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་མེད། དེས་ན་ང་ཚོས་སྔར་བཞིན་བྷེ་ཇེ་བྷི་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱས་ནས་མཉམ་སྐྱོང་སྲིད་གཞུང་ཁོངས་སུ་གནས་ཐབས་མེད་ཅེས་ཁྱབ་བསྒྲགས་བྱས་ཀྱང་སྲིད་བློན་མོ་དྷིའི་སྲིད་གཞུང་མགོ་རྟིང་སློག་སྲིད་པའི་ཉེན་ཀ་མེད་པ་རེད།།

XS
SM
MD
LG