ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིས་ཅིན་ཕིང་གི་སྤྱི་ལོ་གསར་པའི་གཏམ་བཤད།


༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་༢༠༡༩་འདིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་ནས་ལོ་༧༠་འཁོར་གྱི་ཡོད་པ་དང་མཚོ་འགག་ཕྱོགས་གཉིས་ཀས་ཞི་འཇམ་གྱི་སྲིད་ཇུས་ཤིག་བཟུང་ནས་ལོ་༤༠་འཁོར་པ། རྒྱ་ནག་ལ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་༤༠་ཕྱིན་པ་དང་མ་འོངས་པར་རྒྱ་ནག་ཁ་ཕྱོགས་གང་དུ་བསྐྱོད་རྒྱུ་ཡིན་མིན། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་འགལ་ཟླ་སེལ་ཐབས་རྣམས་གཙིགས་སུ་བཟུང་ནས་སྤྱི་ལོ་གསར་པའི་གཏམ་བཤད་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོར་དུས་དྲན་ཁག་ནི་ཧ་ཅང་གི་མཚོན་དོན་ཟབ་མོ་དང་གནད་འགག་ཆེན་པོ་ཡིན་པའི་བརྩི་སྲོལ་ཞིག་ཡོད་ཅིང་། དཔེར་ན་༢༠༡༩་ལོར་མའོ་ཙེ་ཏུང་གིས་རྒྱ་ནག་གི་དམར་ཤོག་སྲིད་གཞུང་དང་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་གྱི་ཡོད་པ་དང་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱུང་ནས་ལོ་༣༠་འཁོར་པ། རྒྱ་ནག་གིས་ཐེ་ཝན་ཕྱོགས་སུ་མེ་སྒྱོགས་ཀྱི་རྒོལ་རྡུང་བྱ་རྒྱུ་མཚམས་འཇོག་བྱས་ནས་ལོ་༤༠་འཁོར་པ་བཅས་དུས་དྲན་ཆེན་པོ་འགའ་ཞིག་མཉམ་དུ་ཁེལ་གྱི་ཡོད་པ་རེད། དེར་བརྟེན་སྲིད་འཛིན་ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་གཙོ་བོ་དམངས་གཙོའི་ལམ་ལུགས་དར་པའི་ཐེ་ཝན་མཚོ་གླིང་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་དགོས་ཞེས་ནན་བརྗོད་བྱ་སྲིད། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཐེ་ཝན་གྱི་རྒྱ་ཆེའི་སྤུན་ཟླ་རྣམས་ལ་འཚམས་འདྲི་དང་གཏམ་བཤད་བྱ་འཆར་ཡོད་ཅེས་གནས་ཚུལ་སྤེལ།།

༡༩༧༩་ལོའི་སྤྱི་ཟླ་༡་ཚེས་༡་ནས་རྒྱ་ནག་གིས་ཐེ་ཝན་གྱི་མཚོ་གླིང་ཕྲན་ཆུང་ཁག་དེ་ཚོར་མེ་སྒྱོགས་ཀྱིས་གཏོར་རྒོལ་བྱ་རྒྱུ་མཚམས་འཇོག་དང་རྒྱ་ནག་གིས་ལོ་བཅུ་ཕྲག་འགའ་ཞིག་ལ་ཐེ་ཝན་དགྲར་འཛིན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་མཇུག་བསྒྲིལ་པ་ཡིན། མཚོ་འགག་ཕྱོགས་གཉིས་འབྲེལ་བ་མཐུད་དགོས་ཞེས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་འབོད་སྐུལ་ཞུས་ཀྱང་སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་ཅང་ཅིན་ཀོས་ལོ་དེའི་སྤྱི་ཟླ་༤་པའི་ནང་དུ་རྒྱ་ནག་ལ་འབྲེལ་བ་མི་བྱེད། རྒྱ་ནག་ལ་གུ་བཤངས་མི་བྱེད། རྒྱ་ནག་ལ་གྲོས་མོལ་མི་བྱེད་ཅེས་མི་བྱེད་པ་གསུམ་གྱི་སྲིད་ཇུས་ཤིག་གཏན་ལ་ཕབ། ༡༩༨༧་ལོར་མ་གཏོགས་ཅང་ཅིན་ཀོས་ཐེ་ཝན་པ་རྣམས་རྒྱ་ནག་ལ་གཉེན་འཕྲད་ལའང་བསྐྱོད་དུ་བཅུག་མེད། ད་ལོ་ནི་རྒྱ་ནག་གི་ནང་འཁྲུག་དུས་སུ་གོ་མིན་ཏང་ལ་ཕམ་ཉེས་བྱུང་ནས་༡༩༤༩་ལོར་ཅང་ཅེ་ཧྲི་དང་གོ་མིན་ཏང་གི་སྲིད་གཞུང་ཐེ་ཝན་ལ་བཙན་བྱོལ་དུ་བྲོས་ནས་ལོ་༧༠་ཕྱིན་པའི་དུས་དྲན་ཡང་ཡིན།།

དེས་ན་འདས་པའི་ལོ་༧༠་ཙམ་གྱི་རིང་དེར་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་བཞག་མེད་པ་ལྟར་ཕན་ཚུན་སྡང་འཛིན་གྱི་སྲིད་ཇུས་ཀྱང་མཚམས་འཇོག་བྱ་ཐུབ་མེད་ཅིང་། ༢༠༢༠་ལོར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པར་མ་ཟད། ཉེ་ཆར་ཐེ་ཝན་ལ་གྲོང་ཁྱེར་རིམ་པ་དང་ས་གནས་རིམ་པའི་འགོ་ཁྲིད་འོས་འདེམས་བྱས་པའི་སྐབས་སུ་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བ་དང་གོ་མིན་ཏང་ལ་རྒྱལ་ཁ་ཆེན་པོ་ཐོབ་པས་ཐེ་ཝན་གྱི་གཞུང་འཛིན་ཚོགས་པས་རྒྱ་ནག་ལ་བསྟུན་མཁས་སམ། ཡང་ན་སྲིད་འཛིན་ཚོགས་པ་དེའི་ལྟ་བ་དང་ལངས་ཕྱོགས་འགྱུར་བ་བཏང་ནས་རྒྱ་ནག་ལ་གུ་བཤངས་བྱེད་པའི་སྲིད་ཇུས་ཤིག་འཛིན་རྒྱུའི་རྟགས་མཚན་མེད་པ་དང་། ཐ་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམིགས་པའི་སྤྱི་ལོ་གསར་པའི་གཏམ་བཤད་ཅིག་བྱ་འཆར་ཡོད་པ་དེས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་སྟངས་ལ་བརྡབ་གསིག་ཆེན་པོ་འཕོག་སྲིད་པའི་ཉེན་ཀ་ཡོད་པ་རེད།།

ཐོག་མར་༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱིན་ཝེན་སྲིད་འཛིན་ལ་འོས་འདེམས་བྱུང་ནས་བཟུང་སྟེ་རྒྱ་ནག་གིས་ཕྱོགས་གང་ཐད་དུ་ཐེ་ཝན་ལ་གནོན་ཤུགས་སྤྲད་ནས་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་དང་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་དཔལ་འབྱོར་རོགས་རམ་དང་ཕྱི་འབྲེལ་གྱི་གནོན་ཤུགས། རྒྱལ་ཁབ་དེ་ཚོར་འཛུགས་སྐྲུན་གྱི་རོགས་སྐྱོར་བྱས་ནས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་བཅུག་པ་དང་། རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་བཀོད་ཡོད་པ་རྣམས་ཀྱང་རྒྱ་ནག་གི་ཐེ་ཝན་ཞེས་བཙན་སྒྱུར་བྱེད་དུ་བཅུག་པ། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་ཉེན་རྟོག་པའི་སྒྲིག་འཛུགས། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་སོགས་ལ་ཐེ་ཝན་ཞེས་མིང་བྱང་བཟུང་ནས་མཉམ་ཞུགས་བྱེད་དུ་མི་འཇུག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་སོགས་ལ་ལྟ་སྐྱོར་དུ་བསྐྱོད་དགོས་ན་ཐེ་ཝན་པ་ཚོས་རྒྱ་ནག་གི་རྒྱུན་བཞུགས་སྐུ་ཚབ་དོན་གཅོད་ཁང་གིས་བཀྲམ་པའི་ལག་འཁྱེར་སྟོན་དགོས་པ་སོགས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་པའི་མིང་བྱང་དེ་ནག་གསུབ་བྱེད་ཀྱི་ཡོད་པ་དང་། ད་དུང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐེ་ཝན་མཚོ་འགག་ཏུ་གནམ་མཚོ་གཉིས་སུ་དམག་སྦྱོང་བྱ་རྒྱུ་མང་དུ་བཏང་ནས་རྒྱ་ནག་ལ་དམག་གིས་སྡིགས་ར་བསྐུལ་རྒྱུའང་ཤུགས་ཆེ་རུ་བཏང་འདུག་གོ

XS
SM
MD
LG