ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གིས་ཐེ་ཝན་ལ་ཉེན་བརྡ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཛིན་གནམ་གྲུ་ཁག་ཐེ་ཝན་གྱི་ཉེ་འཁོར་དུ་འཕུར་སྐྱོད་བྱས་ནས་དམག་སྦྱོང་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆན་ཞེས་པ་ཞིག་གིས་གསར་འགོད་པ་ཚོར་བདུན་ཕྲག་སྔོན་མར་རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་ཅིག་ཐེ་ཝན་གྱི་མཁའ་དབྱིངས་ཉེ་འཁྲིས་སུ་འཕུར་སྐྱོད་ཀྱིས་དམག་སྦྱོང་བྱས་པ་ཡིན། འདི་ནི་རྒྱུན་ལྡན་གྱི་དམག་སྦྱོང་ཞིག་དང་རྒྱ་ནག་གི་འབྲེལ་ཡོད་དམག་སྡེ་ཁག་གི་ལོ་རེའི་དམག་སྦྱོང་ཞིག་ལས་ཅི་ཡང་མིན། དམག་སྦྱོང་འདི་རིགས་མ་འོང་པར་ཡང་མུ་མཐུད་དུ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ད་དུང་མགྲིན་ཚབ་དེས་ངས་ནན་བརྗོད་བྱ་དགོས་པ་ཞིག་ལ་ཐེ་ཝན་གྱིས་དམག་གི་སྟོབས་ཤུགས་ལ་རེ་ལྟོས་བཅོལ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པ་དེར་ཁས་ལེན་མ་བྱས་ན་དེ་ནི་གང་དུའང་མི་སླེབས་པའི་འཆི་ལམ་འབའ་ཞིག་ཡིན། ངས་འདི་ལྟར་ནན་བརྗོད་བྱ་དགོས་པ་ནི་ཐེ་ཝན་གྱིས་རང་གི་མཁའ་དམག་གི་སྟོབས་ཤུགས་ཆེ་རུ་གཏོང་བར་ཨ་མི་རི་ཀ་ནས་ཨེབ་བཅུ་དྲུག་རྟགས་ཅན་གྱི་དམག་འཐབ་གནམ་གྲུ་༦༦་ཉོ་སྒྲུབ་བྱ་རྒྱུ་ཡིན་པ་དེར་དམིགས་པ་ཡིན་ཞེས་བརྗོད་འདུག

སྤྱི་ལོ་༢༠༢༠་ལོ་ནི་ཐེ་ཝན་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་འདེམས་བྱ་དགོས་པའི་ལོ་ཞིག་ཡིན་ཞིང་། དེར་བརྟེན་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ལ་ཤུགས་རྐྱེན་ཐེབས་ཐབས་སུ་ཕྱོགས་གང་ས་ནས་ཐེ་ཝན་གྱི་སྤྱི་ཚོགས་ལ་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་ཐེ་ཝན་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཏུ་ཚོར་སྐྱེན་དྲག་པོ་བྱུང་ཡོད། དཔེར་ན་འདི་ལོའི་སྤྱི་ཟླ་༡༡་པར་ཐེ་ཝན་གྱི་ས་གནས་འགོ་ཁྲིད་འོས་འདེམས་བྱས་པའི་སྐབས་སུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་དབུ་ཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚོར་སྐྱོན་བརྗོད་དང་ངན་མཚང་ཐེར་འདོན་གྱི་གསར་འགྱུར་རྫུན་མ་སྤེལ་ནས་གནོད་སྐྱོན་ཚབས་ཆེན་ཕོག གསར་འགྱུར་རྫུན་མ་དེ་དག་གི་འབྱུང་ཁུངས་ནི་རྒྱ་ནག་ནས་ཐེ་ཝན་གྱི་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་ཡོད་པ་རྩད་གཅོད་ཐུབ་སྟེ་ཐེ་ཝན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས་འདུག

སྤྱི་ཟླ་༡༠་པའི་ནང་དུ་ཐེ་ཝན་གྱི་ཁྲིམས་འཛིན་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་འོས་འདེམས་ཀྱི་འགྲན་རྩོད་ལ་ཞུགས་མཁན་འོས་མི་༣༣་ལ་འོས་བསྡུའི་དྲི་བསྒྲིགས་ལས་འགུལ་གྱི་འགྲོ་གྲོན་རྒྱ་ནག་གཞུང་གིས་སྤྲད་ཡོད་པའི་སྐྱོན་འཛུགས་ཁག་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་ནས་ཁ་འབྲལ་ཐབས་མེད་པའི་མངའ་ཁོངས་དང་རྒྱ་ནག་ལ་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། ཐེ་ཝན་དང་རྒྱ་ནག་གཉིས་ངེས་པར་དུ་གཅིག་གྱུར་བྱ་དགོས། མཚོ་འགག་ཕྱོགས་གཉིས་ཀྱི་གཅིག་གྱུར་དོན་དུ་རྒྱ་ནག་གིས་དམག་རྒྱག་དགོས་ཐུག་ཀྱང་ཐེ་ཚོམ་མེད་ཅེས་སྡིགས་ར་བསྐུལ།།

དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཐེ་ཝན་ལ་བཏང་པའི་ཉེན་བརྡ་དེ་ནི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་དབུ་ཁྲིད་པའི་ཐེ་ཝན་གཞུང་གི་སྲིད་ཇུས་ལ་དམིགས་ཡོད་པ་ཞིག་ཡིན། གང་ཡིན་ཞེ་ན་ཐེ་ཝན་གྱིས་རྒྱ་ནག་གི་སྔོན་ཐོན་མཚོན་ཆར་གདོང་ལེན་བྱ་རྒྱུའི་དོན་དུ་མེ་ཤུགས་འཕུར་མདེལ་སོགས་ཀྱི་མཚོན་ཆ་ཁག་བཟོ་སྐྲུན་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀ་ནས་དེང་རབས་ཅན་གྱི་མཚོན་ཆ་ནང་འདྲེན་བྱེད་ཀྱི་ཡོད་པ་རེད་ཅེས་བཤད། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་ཝུ་ཆན་གྱིས་ང་ཚོས་རྒྱ་ནག་གཅིག་སྒྲིལ་གྱི་དོན་དུ་འབད་བརྩོན་བྱེད་བཞིན་ཡོད། ཐེ་ཝན་ཕྱོགས་ནས་དེ་ལ་དྲག་ཤུགས་ཀྱིས་འགོག་རྒོལ་བྱས་པ་ཡིན་ན་མཇུག་འབྲས་བཟང་པོ་ཞིག་སྨིན་མི་སྲིད་ཅེས་སྡིགས་ར་བསྐུལ།། ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་མུ་མཐུད་དུ་ཕྱི་ཚོང་བྱེད་པ་དང་ཨ་མི་རི་ཀ་དང་ཐེ་ཝན་གྱི་དམག་དཔུང་གི་འགྲོ་འོང་སྔར་བས་ཀྱང་མང་དུ་འགྲོ་རྒྱུའི་སྐུལ་འདེད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་དེ་ལ་ཁོང་ཁྲོ་ཆེན་པོ་དགག་པ་རྒྱག་གི་ཡོད་པ་སྟེ། ཉེ་དུས་རྒྱ་ནག་གི་འབར་མདེལ་གཡུག་འཕེན་གནམ་གྲུ་ཞིག་དང་འཐབ་འཛིང་གནམ་གྲུ། དམག་དཔུང་སྐྱེལ་འདྲེན་གནམ་གྲུ་བཅས་རྒྱ་ནག་གི་དམག་དོན་གནམ་གྲུ་ཁག་ཅིག་ཐེ་ཝན་གྱི་ཉེ་འཁོར་དུ་འཕུར་སྐྱོད་བྱས་ནས་དམག་སྦྱོང་བྱས་སོང་། ང་ཚོས་ཐེ་ཝན་གྱི་ཉེ་འཁྲིས་སུ་རྒྱ་ནག་གི་དམག་དོན་གནམ་གྲུ་ཁག་འཕུར་སྐྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་ཐེ་ཝན་གྱི་བདེ་འཇགས་ལྷན་ཁང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་གཞུང་གིས་དེ་ནི་རྒྱུན་ལྡན་གྱི་དམག་སྤྱོང་ཞིག་ལས་གཞན་པ་གང་ཡང་མིན་ཞེས་ལན་འདེབས་བྱས་སོ།།

XS
SM
MD
LG