༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་བ་རྣམས་འགོག་ཐབས་སུ་རྩིག་གྱང་ཞིག་སློང་རྒྱུ་ཡིན། རྩིག་གྱང་འཛུགས་སྐྲུན་དེར་ཨ་སྒོར་ཐེར་འབུམ་ལྔ་ལྷག་འགྲོ་གྲོན་སྤྲོད་དགོས་ཞེས་གཞུང་གྲོན་སྔོན་རྩིས་ཁོངས་སུ་བཅུག་ནས་ཨ་རིའི་གྲོས་ཚོགས་ལ་ཕུལ། ཨ་རིའི་གྲོས་ཚོགས་ཀྱིས་འགྲོ་གྲོན་དེར་ཆོག་མཆན་མ་བཀོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་ཡོད་ཅིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་ལྷན་འཛོམས་བྱུང་རུང་སྲིད་གཞུང་སྒོ་འབྱེད་ཀྱི་གྲོས་ཆོད་གང་ཡང་འཇོག་ཐུབ་མེད་པར་མ་ཟད། ད་ལྟ་ཨ་མི་རི་ཀའི་སྲིད་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་ནས་གཟའ་འཁོར་གཅིག་ཙམ་འགྲོ་བཞིན་ཡོད་མོད། འོན་ཀྱང་ད་དུང་ཡང་འཕྲལ་མྱུར་ངང་དུ་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་སྒོ་བརྒྱབ་ཡོད་པ་རྣམས་བསྐྱར་དུ་འབྱེད་ཐུབ་རྒྱུའི་རྟགས་མཚན་མེད་པར་བརྟེན། ཨ་མི་རི་ཀའི་སྲིད་གཞུང་སྒོ་བརྒྱབ་ཡོད་པ་ཕྱི་ལོ་གསར་པའི་ནང་དུ་ཕང་འགྱངས་འགྲོ་སྲིད་པའི་ཉེན་ཀ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།