ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཞིན་ཅང་ལ་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་སློབ་ཁྲིད་འགོ་འཛུགས།


༄༅།། ཞིན་ཅང་གི་ལྷོ་ཕྱོགས་སུ་ཚུགས་པའི་སློབ་ཆེན་ཞིག་གི་སློབ་ཕྲུག་ཚོར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་གོང་མཐོར་གཏོང་རྒྱུའི་ཐག་གཅོད་བྱས་འདུག བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཞིན་ཅང་གི་ཁ་ཤཱི་གྷར་སློབ་གྲྭ་ཆེན་མོར་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཞིག་གསར་དུ་སྒོ་འབྱེད་ཀྱིས་ཡུ་གུར་བའི་སློབ་ཕྲུག་ཚོར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་ཅེས་གཟའ་ལྷག་པའི་ཉིན་ཁ་ཤཱི་གྷར་སློབ་གྲྭ་ཆེན་མོའི་དྲྭ་ལམ་དུ་གསར་འགྱུར་སྤེལ།།

ཁུང་ཙིའི་སློབ་གླིང་དུ་རྒྱ་ནག་གི་སྲོལ་རྒྱུན་སྙན་ངག་དང་རྩོམ་རིག་སོགས་སློབ་ཁྲིད་བྱས་ནས་སློབ་ཕྲུག་ཚོར་རྒྱལ་ཞེན་གྱི་ལྟ་བ་དང་རྒྱལ་ཁབ་ཀྱི་སྤོབས་པ་འཕེལ་དུ་འཇུག་རྒྱུའི་ཆེད་དུ་ཡིན་ཞེས་བཀོད་ཡོད་པར་མ་ཟད། ཁ་ཤཱི་སྒར་སློབ་ཆེན་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་གཞན་ཁག་དང་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་གི་སློབ་ཆེན་ཁག་ཏུའང་ཁུང་ཙིའི་སློབ་གླིང་བཙུགས་ནས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུའི་སྲིད་ཇུས་འདི་ལག་ལེན་བསྟར་སྲིད་པའི་ཉེན་ཀ་ཡོད་ཅིང་། ད་སྔར་རྒྱ་ནག་གཞུང་གིས་སྔོན་འགྲོའི་སློབ་གྲྭ་ཁག་ནས་སློབ་ཆེན་བར་དུ་རྒྱ་ཡིག་རྒྱ་སྐད་དང་སློབ་ཚན་རྣམས་གཅིག་གྱུར་གྱིས་རྒྱ་སྐད་དུ་སློབ་ཁྲིད་བྱེད་ཀྱི་ཡོད་ཀྱང་ཁུང་ཙིའི་སློབ་གླིང་བཙུགས་ནས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱེད་ཀྱི་མེད་པ་དང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་དང་བོད་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ལ་རྒྱ་ནག་གི་སྲོལ་རྒྱུན་སྙན་ངག་དང་རྩོམ་རིག་རྣམས་སློབ་ཁྲིད་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་ལ་རང་ཉིད་རྒྱ་ནག་གི་མི་ཁོངས་ཡིན་པ་དང་རྒྱ་ནག་གི་རིག་གཞུང་ནི་རང་གི་རྒྱལ་ཁབ་ཀྱི་རིག་གཞུང་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་ཤིག་བསྐྱེད་དུ་འཇུག་གི་ཡོད་མོད། འོན་ཀྱང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་གྲངས་ཉུང་མི་རིགས་ཕལ་ཆེ་བར་རང་ཉིད་རྒྱ་ནག་གི་མི་ཁོངས་ཡིན་པ་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་རྣམས་རང་གི་རིག་གནས་ཤིག་ཡིན་པའི་བསམ་བློའི་འདུ་ཤེས་བསྐྱེད་ཐུབ་ཀྱི་མེད་པ་རེད།།

རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ཤུའི་ཅན་དབྱིང་གིས་གསར་འགོད་པར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་བཏང་ན་ཞིན་ཅང་གི་ཡུ་གུར་བའི་སློབ་ཕྲུག་ཚོར་མཐའ་ལྷུང་རིང་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐུབ། ཞིན་ཅང་ནི་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན། ཏ་ཇིཀ་སི་ཐན་སོགས་དབུས་ཨེ་ཤི་ཡ་དང་ལྷོ་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁམས་ཁག་ལ་ས་འདྲེས་ཡིན་པས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ཐེབས་ནས་སྤྱི་ཚོགས་ལ་ཟིང་ཆ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་བཅས་ལ་གཏོར་བརླག་བྱེད་ཀྱིན་འདུག ཡུ་གུར་བའི་བུ་ཕྲུག་ཚོར་ཆུང་དུས་ནས་རྒྱ་ཡིག་རྒྱ་སྐད་བསླབ་ན་མ་འོངས་པར་ལས་ཀ་དང་ཆེད་ལས་སོགས་ཀྱི་མདུན་ལམ་བཟང་པོ་ཡོད། རྒྱ་ནག་གི་ཞིང་ཆེན་ཁག་དང་ས་གནས་གཞན་ཁག་ཏུའང་རྒྱ་ནག་གི་རིག་གནས་སློབ་ཁྲིད་བྱེད་ཀྱི་ཡོད་པས་ཞིན་ཅང་ལ་དམིགས་བསལ་བྱ་དགོས་དོན་མེད། རྒྱ་ཡིག་རྒྱ་སྐད་སྦྱང་ན་ཞིན་ཅང་གི་ཡུ་གུར་བའི་སྐད་ཡིག་དང་རིག་གཞུང་རྩ་བརླག་འགྲོ་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་ནི་དོན་མེད་ཀྱི་སེམས་ཁྲལ་ཞིག་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྣམས་ཀྱང་རྒྱ་ནག་གི་རིག་གཞུང་གི་ཁྱབ་ཁོངས་སུ་གཏོགས་པས་རྒྱ་ནག་གཞུང་གིས་སྲུང་སྐྱོབ་བྱེད་ངེས་རེད་ཅེས་བཤད།།

ཞིན་ཅང་གི་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་གིས་ཀྱང་ཞིན་ཅང་གི་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་གནའ་བོའི་སྙན་ངག་དང་རྩོམ་རིག སྤུ་སྨྱུག་གི་ཡིག་གཟུགས་རྣམས་སློབ་ཁྲིད་བྱེད་ཀྱི་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན། ངའི་བུ་མོའི་སློབ་ཚན་གྱི་གསུམ་ཆའི་གཅིག་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་རེད། ཞིན་ཅང་གི་སློབ་གྲྭ་མང་ཆེ་བའི་ནང་དུ་ཁུང་ཙིའི་འདྲ་པར་བཀལ་ཡོད་པ་དང་རྒྱ་ཡིག་གི་སློབ་ཚན་སྦྱོང་དགོས་ཞེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་འདུག ཡིན་ནའང་ཞིན་ཅང་གི་ཡུ་གུར་བ་དང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་བྱིས་པ་ཚོར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་ནན་པོ་བྱེད་ཀྱི་ཡོད་པ་དང་། ཡུ་གུར་བ་ཚོར་རང་གི་སྐད་ཡིག་དང་རིག་གཞུང་རྣམས་སློབ་ཁྲིད་བྱེད་དུ་འཇུག་གི་མེད་པ་ནི་ཡུ་གུར་བའི་བུ་ཕྲུག་ཚོར་རང་གི་མི་རིགས་ཀྱི་སྨྲ་ལྕེ་རྩ་གཅོད་བྱ་ཐབས་དང་རིག་གཞུང་གི་རྩ་བ་སྐམ་དུ་འཇུག་ཐབས། མདོར་ན་ཞིན་ཅང་གི་ཡུ་གུར་བ་རྣམས་རྒྱ་མི་རིགས་ལ་སྒྱུར་ཐབས་ཁོ་ན་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG