ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིན་ཅང་གི་སྲིད་ཇུས་རྣམས་ས་གནས་གཞན་དུ་ལག་བསྟར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱིས་དམ་དྲག་དང་མི་རིགས་དབྱེ་འབྱེད། ཆོས་ལུགས་དབྱེ་འབྱེད་བྱས་ནས་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དུ་བཙོན་འཇུག་བྱེད་པའམ། ཡང་ན་མི་རེ་རེའི་རྒྱུད་རྒྱུ་བསྡུ་ལེན་དང་མིའི་གདོང་དབྱིབས་འཕྲུལ་ཆས་ཀྱིས་ངོས་འཛིན་ཐུབ་པ་སོགས་འགྲོ་འདུག་རང་དབང་ལ་ཚོད་འཛིན་གྱི་ཁྲིམས་དང་སྒྲིག་གཞི། འཕྲུལ་རིགས་སྣ་མང་ཞིག་བཙུགས་ནས་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁག་རྒྱ་ནག་གི་ས་ཁུལ་གཞན་གྱི་ནང་དུའང་ལག་ལེན་བསྟར་སྲིད། དམིགས་བསལ་ཁ་ཆེ་གྲངས་ཉུང་མི་རིགས་འདུ་སྡོད་ས་གནས་ཁག་ཏུ་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཕྱི་ཚེས་༢༤་ཉིན་ཨ་རིའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་ཐོན་འདུག ད་ལྟ་རྒྱ་ནག་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ཉིན་རྫོང་དང་ཉིན་ཞའི་ནུབ་བྱང་རྒྱུད་དུ་ཆགས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ཞིན་ཅང་གི་སྲིད་ཇུས་རྣམས་ལག་ལེན་བསྟར་བཞིན་ཡོད་པ་སྟེ། ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་དུ་ཞིན་ཅང་གི་གྲོང་ཁྱེར་ཆེ་ཁག་ལ་བཙུགས་ཡོད་པའི་དམིགས་བསལ་གྱི་འཕྲུལ་ཆས་རྣམས་བཙུགས་ནས་སྟངས་འཛིན་བྱེད་པའི་མ་ལག་ཆ་ཚང་བསྒྲུབས། ཉེན་རྟོག་པའི་ས་ཚིགས་ཁག་ཅིག་ཀྱང་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་དམིགས་བསལ་གྱི་ཉེན་རྟོག་པའི་ས་ཚིགས་དེ་དག་གིས་ས་གནས་ཀྱི་སྲང་ལམ་ཡོངས་ལ་ལྐོག་ལྟ་བྱེད་ཐུབ་པའི་བརྙན་མིག་བཙུགས་ཡོད་པར་མ་ཟད། མི་རེ་རེའི་གདོང་དབྱིབས་རྣམས་འཕྲུལ་ཆས་ཀྱིས་ངོས་འཛིན་ཐུབ་པ་དང་མི་རེ་རེའི་འགྲོ་འདུག་ལ་སྟངས་འཛིན་བྱ་རྒྱུའི་ཆེད་དུ་མིའི་རྒྱུད་རྒྱུ་དང་རྐང་རྗེས་ལག་རྗེས་རྣམས་པར་བརྒྱབ་ནས་ཉར་ཚགས་བྱེད་པ། གཞན་ཡང་ཉིན་ཞ་ས་ཁུལ་གྱི་ཚོང་ཁང་སོགས་ཀྱི་སྒོ་བྱང་གི་སྟེང་དུ་ཨ་རབ་ཀྱི་ཡི་གེ་བྲིས་ཡོད་པ་རྣམས་རྒྱ་ཡིག་ལ་སྒྱུར་དུ་བཅུག་སྟེ་ས་གནས་མི་མང་གིས་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ལ་བཤད་ཡོད་པ་ལྟར་ན་གོང་གི་སྲིད་ཇུས་དེ་དག་འདས་པའི་ལོ་ངོི་གཅིག་གི་རིང་ལ་ཉིན་ཞ་ས་ཁུལ་དུ་བཙན་གྱིས་ལག་བསྟར་བྱས་འདུག བརྙན་ལེན་ལྐོག་མིག་བཙུགས་ནས་སྟངས་འཛིན་འཕྲུལ་ཆས་ཀྱི་མ་ལག་རྣམས་ཀན་སུའུ་དང་མཚོ་སྔོན་གྱི་ཁ་ཆེའི་ལྷ་ཁང་ཁག་ཏུའང་བཙུགས་ནས་མི་ལ་ཟབ་སྦྱོང་སྤྲོད་བཞིན་ཡོད་ཅིང་། དེ་བཞིན་དུ་ཀན་སུའུ་ཞིང་ཆེན་ཕིན་ལིང་གྲོང་ཁྱེར་དུ་ལོ་སུམ་བཅུ་སོ་བཞིའི་སྔོན་ནས་བཙུགས་ཡོད་པའི་ཨ་རབ་སྐད་ཡིག་གི་སློབ་གྲྭ་ཞིིིག་ཡོད་པ་ཟླ་འདིར་སྒོ་རྒྱག་དགོས་པའི་བཀའ་བཏང་འདུག ད་སྔ་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་པོ་ཞིག་གིས་ཨ་རབ་སྐད་ལ་སློབ་སྦྱོང་བྱེད་བཞིན་པ་ནི་ཁ་ཆེའི་ཆོས་ལུགས་ལ་སློབ་སྦྱོང་དང་ཉམས་ཞིབ་བྱེད་པའི་ཆེད་དུ་ཡིན་རུང་རྒྱ་ནག་གཞུང་གིས་དེ་ནི་མི་རིགས་དང་ཆོས་ལུགས་ཀྱི་མཐའ་ལྷུང་གི་བསམ་བློ་ཞིག་ཡིན་པར་ཁ་གཡར་ནས་སློབ་གྲྭའི་སྒོི་རྒྱག་ཏུ་བཅུག་འདུག གཞུང་གི་འགོ་ཁྲིད་ཚོས་སློབ་གྲྭའི་འཛིན་སྐྱོང་དང་བྱེད་སྒོ་མང་དག་ཅིག་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་ཡོད་པའི་ཉེས་འཛུགས་བྱས་ཀྱང་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཚོས་གཞུང་གི་འགོ་ཁྲིད་མང་པོ་ཞིག་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་མྱོང་། སློབ་གྲྭའི་ངོས་ནས་ཁྲིམས་དང་སྒྲིག་སྲོལ་ལ་འགལ་འཛོལ་བྱུང་བ་ཅི་ཡང་མེད་ཅེས་དགག་པ་བརྒྱབ། ཉིན་ཞ་ས་ཁུལ་ནི་ཧོས་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་པས་ཉེ་བའི་ལོ་གཅིག་ཡས་མས་ཤིག་གི་སྔོན་ནས་རྒྱ་གཞུང་གིས་ཉིན་ཞ་ས་ཁུལ་གྱི་ཁ་ཆེའི་ཆོས་ཁང་དང་ཐང་ཆེན། སྤྱི་དམངས་འདུ་ས་དང་ཚོང་ཁང་སོགས་ཀྱི་འཛུགས་སྐྲུན་བཟོ་དབྱིབས་དང་མིང་བྱང་འགོད་སྟངས་བཅས་ལ་ཆོས་ལུགས་ཀྱི་ཤན་ཞུགས་ཡོད་པའི་རྣམ་པ་མཐའ་དག་བཙན་སྒྱུར་བྱེད་ཀྱི་ཡོད་ཅིང་། ན་གཞོན་ཚོར་ཆོས་ལུགས་ཀྱི་སློབ་གསོ་སྤེལ་དུ་མི་འཇུག་པའམ། ཡང་ན་ཁ་ཆེའི་ཆོས་ཁང་དུ་སྒྲ་སྒམ་བཙུགས་ནས་སྐད་ཤུགས་ཆེན་པོས་ཆོས་འདོན་མི་ཆོག་པ་སོགས་ཀྱི་སྒྲིག་ཁྲིམས་བཅོས། འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ལོ་མང་རིང་ཞིབ་འཇུག་དང་ལག་བསྟར་པའི་ཉམས་མྱོང་གཞི་རྩར་བཟུང་སྟེ་ས་ཁུལ་གཞན་ལ་ལག་བསྟར་བྱེད་ཀྱི་ཡོད་པའི་སྲིད་ཇུས་ཤིག་ཏུ་གྱུར་འདུག

XS
SM
MD
LG