ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་པ་ཡེ་ཤུའི་ཆོས་དད་པའི་དཀའ་ངལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡེ་ཤུའི་ཆོས་ལུགས་ཀྱི་གསུང་རབ་བོད་སྐད་དུ་འདོན་བཞིན་ཡོད་པ།

༄༅།།ད་ལྟ་ལོ་ན་༧༧་ལ་སོན་པའི་ཨ་མ་རྒན་མོ་རོ་ན་ཞེས་པ་ནི་རྫ་ཆུ་མིག་ལམ་དུ་མངོན་པའི་བོད་ཡུལ་གྱི་རི་སྒང་ཞིག་ཏུ་ཆགས་པའི་ཡར་མན་ཚོ་དྲུག་ཟེར་པའི་གྲོང་གསེབ་ཅིག་གི་ཡུལ་མི་ཡིན་ཞིང་། ཁོ་མོས་རང་གི་ཆོས་དད་ལ་འགྱུར་བ་ཐེབས་རྒྱུ་ཡིན་པའི་ཐེ་ཚོམ་སྤུ་ཙམ་སྐྱེས་མྱོང་མེད་ཀྱང་ན་གཞོན་ཚོས་རང་གི་ཆོས་ལུགས་དད་མོས་དམ་འཛིན་དེ་ཙམ་བྱེད་ཀྱི་མི་འདུག་ཅེས་གསར་འགོད་པར་བཤད། ཁོ་མོས་ང་ནི་སྐྱེས་ནས་བཟུང་སྟེ་ལྷ་ཁང་དུ་ཕྱིན་ནས་ཡེ་ཤུའི་ཆོས་ལུགས་ཀྱི་གསུང་རབ་བོད་སྐད་དུ་འདོན་བཞིན་ཡོད། ང་ཚོས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དང་བོད་པའི་ལོ་སར་གཉིས་ཀར་དགའ་སྟོན་བྱེད་བཞིན་ཡོད། ང་ཚོ་རྒན་རབས་པ་རྣམས་རང་གི་ཆོས་ལུགས་ལ་དད་པ་བརྟན་པོ་ཡོད་ཀྱང་ན་གཞོན་ཚོ་རང་གི་ཆོས་ལུགས་ལ་དད་པ་དེ་ཙམ་མེད་པར་ཕ་མ་དང་ཆོས་སྡེའི་ལས་སྣེ་ཚོར་སེམས་ཁྲལ་ཡོང་གི་འདུག་ཅེས་བཤད། ད་དུང་ས་གནས་དེའི་གནས་འཛིན་བླ་མ་ཡའོ་ཧྥེ་ཞེས་པ་ཞིག་གིས་ཀྱང་ན་གཞོན་ཚོ་ཡེ་ཤུའི་ཆོས་སྡེའི་ཁོངས་སུ་ཞུགས་ཀྱི་མི་འདུག ས་གནས་འདིའི་ཡེ་ཤུའི་ཆོས་རྒྱུད་འཛིན་པའི་རྗེས་འཇུག་པ་རྣམས་རྩ་སྟོང་འགྲོ་སྲིད་པའི་ཉེན་ཀ་འདུག ང་ནི་དེ་ལ་སེམས་ཁྲལ་ཡོང་གི་འདུག་ཅེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད་འདུག

ཡར་མན་ཚོ་དྲུག་གྲོང་གསེབ་ནི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་བཅད་པའི་བདེ་ཆེན་བོད་རིགས་རང་ཁུལ་ནས་རྒྱང་ཁད་དུས་ཡུན་ཆུ་ཚོད་དྲུག་གི་རླངས་འཁོར་གྱི་ལམ་ཐག་གི་མཚམས་སུ་ཡོད་ཅིང་། དུས་རབས་༡༩་པའི་ནང་དུ་ས་གནས་དེར་ཧྥ་རན་སིའི་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་པ་ཞིག་གིས་འབྱོར་ནས་ཡེ་ཤུའི་ལྷ་ཁང་ཞིག་ཕྱག་བཏབ་པའི་རྗེས་སུ་ས་གནས་དེའི་བོད་པ་ནང་པ་རྣམས་ཡེ་ཤུའི་ཆོས་དད་པར་གྱུར། ད་ལྟའི་ཚོ་དྲུག་གྲོང་གསེབ་ཀྱི་གནས་འཛིན་བླ་མ་ཡའོ་ཧྥེ་ནི་པེ་ཅིང་བ་ཞིག་ཡིན་རུང་༢༠༠༨་ལོར་ས་གནས་དེའི་གནས་འཛིན་བླ་མར་བསྐོ་བཞག་བྱས་ནས་མངགས། གནས་འཛིན་བླ་མ་ཡའོ་ཧྥེས་ན་གཞོན་ཚོ་ཡེ་ཤུའི་གསུང་རབ་ལྗགས་ཀློག་ལ་སྤྲོ་སྣང་འགུགས་ཐབས་དང་ཡེ་ཤུའི་གསུང་རབ་སློབ་ཁྲིད་ཀྱི་འཛིན་གྲྭ་ཚུགས་ནས་འཆད་ཉན་བྱ་ཐབས་བྱེད་ཀྱི་ཡོད་ཀྱང་ན་གཞོན་རྣམས་ཁ་པར་དང་བརྙན་གཟུགས་ཀྱི་རྩེད་མོ་སོགས་ལ་མགོ་འཁོར་ནས་ཆོས་ལུགས་སློབ་གཉེར་ལ་དོ་སྣང་བྱེད་ཀྱི་མི་འདུག་ཅེས་གླེང་། འོན་ཀྱང་གནས་འཛིན་བླ་མ་ཡའོ་ཧྥེའི་འཆར་གཞི་དེ་དག་འགྲུབ་ཀྱི་མེད་པ་ན་གཞོན་ཚོ་ཆོས་ལུགས་ལ་དོ་སྣང་མེད་པ་ཁོ་ན་མིན་པར་སྲིད་གཞུང་གིས་ཀྱང་ས་གནས་དེའི་ཡེ་ཤུའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་ཅིང་། དཔེར་ན་གནས་འཛིན་བླ་མ་ཡའོ་ཧྥེ་དང་ལས་སྣེ་གཞན་ལ་ཚོ་དྲུག་གྲོང་གསེབ་ཀྱི་ན་གཞོན་ཚོར་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བྱེད་དུ་འཇུག་གི་མེད་པ་དང་། ཅིའི་ཕྱིར་ཞེ་ན་ཡེ་ཤུའི་ལྷ་ཁང་དེ་རྒྱ་ནག་གཞུང་གིས་ཆོག་མཆན་བཀོད་པའི་ཡེ་ཤུའི་ཆོས་སྡེའི་ཁོངས་སུ་མེད་པའི་སྟབས་ཀྱིས་རེད་ཅེས་བཤད།།

ཡར་མན་ཚོ་དྲུག་གྲོང་གསེབ་ཀྱི་ཡུལ་མི་རྣམས་མི་རིགས་བོད་པ་དང་ལོ་བརྒྱ་ཕྲག་རེ་ཟུང་ལ་ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་དང་ལོ་བརྒྱ་ཕྲག་མང་པོར་རྒྱ་ནག་རིག་གཞུང་གི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས། ཨ་མ་རྒན་མོ་རོ་ནའི་ཁྱིམ་གྱི་གྱང་ངོས་སུ་སྟོན་པ་ཡེ་ཤུའི་ཤོག་ཐང་བཀལ་ཡོད་པ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་འདྲ་པར་སྦྱར་ཡོད་པ་དེར་བོད་པའི་སྲོལ་རྒྱུན་ཁ་བཏགས་སྒྲོན། གྲོང་གསེབ་དེར་ཁྱོན་བསྡོམས་ཡུལ་མི་༦༠༠་ཡས་མས་ཤིག་ཡོད་ཀྱང་ཕྱི་ཟླ་༡༢་ཚེས་༢༥་ཉིན་གྱི་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དེར་རྒན་རྒོན་༢༠༠་ཡས་མས་ཤིག་ལས་ལྷ་ཁང་དུ་མ་འཛོམས། སྨོན་ལམ་རྗེས་སུ་རྒན་རྒོན་དེ་དག་གིས་སྤྲི་གོར་ཞིག་བཤམས་ནས་དེའི་མཐའ་འཁོར་དུ་བྲོ་འཁྲབ་པ་དང་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་གླུ་གཞས་ལེན་པ་སོགས་ཀྱི་དགའ་སྟོན་ལ་རོལ་ཀྱང་གྲོང་གསེབ་པ་ཚོས་ལོ་འདིར་ཡེ་ཤུའི་ལྷ་ཁང་དེར་སྔ་ལོ་ལས་ཀྱང་མི་ཚོགས་འཛོམས་པའི་གྲངས་འབོར་ཉུང་བ་འདུག་ཅེས་གླེང་། ཡར་མན་ཚོ་དྲུག་གྲོང་གསེབ་དེར་ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཉམས་ཀྱི་ཡོད་པ་ནི་ཆབ་སྲིད་དང་དཔལ་འབྱོར། འཛུགས་སྐྲུན་དང་དེང་རབས་ཀྱི་འཕོ་འགྱུར་བཅས་ལ་འབྲེལ་བ་ཡོད། ད་དུང་ས་གནས་དེའི་བོད་པ་ཁག་ཅིག་སླར་ཡང་ཡེ་ཤུ་ནས་ནང་པར་འགྱུར་གྱི་ཡོད་སྐད། ལྷ་ཁང་དེའི་ཕྱི་ལོགས་སུ་འཕྲེད་དར་དམར་པོ་ཞིག་འཐེན་ཡོད་པ་དེའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་ལ་ཉན་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་རྗེས་སུ་འབྲང་དགོས་ཞེས་ཡིག་ཆེན་བཀོད།།

རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་ལུགས་དར་པའི་ཡར་མན་ཚོ་དྲུག་ཏུ་གྲགས་པའི་གྲོང་གསེབ་དེའི་ཁྱིམ་ཚང་རེའི་མི་རེ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པར་མ་ཟད། ས་གནས་དེའི་བོད་པ་ཚོ་ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་ནས་ཐར་ཐབས་བྱེད་ཀྱི་ཡོད་པ་དང་། བོད་པ་ཡེ་ཤུའི་ཆོས་དད་པ་དང་མགྲོན་ཁང་གི་བདག་པོ་ཧུང་ཞཱིང་ཟེར་པ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་ན་གྲོང་མི་གཞན་པ་ཚོར་གཞུང་གི་སྲིད་ཇུས་དྲིལ་བསྒྲགས་དང་དམར་ཤོག་ཚོགས་པའི་ལམ་སྟོན་གྱི་རྗེས་སུ་འབྲང་དགོས་ཞེས་སློབ་སྟོན་བྱ་དགོས་ཀྱིན་འདུག་ཅེས་བཤད། རྒྱ་ནག་གཞུང་གིས་ས་གནས་དེའི་རྫ་ཆུ་བཀག་ནས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་དང་ཁང་པ་འཛུགས་སྐྲུན། གྲོང་ཁྱེར་རྒྱ་སྐྱེད་བཅས་ཀྱི་འུར་ཟིང་གིས་ཡེ་ཤུའི་ལྷ་ཁང་ནང་གི་ཞི་བདེ་བག་ཕེབས་ཀྱི་འཚོ་བ་དང་ཁ་འདོན་དགེ་སྒྲུབ་ཀྱི་དབྱངས་རྟ་རྣམས་དཀྲོགས། ཉེ་བའི་ལོ་ཤས་ཤིག་ནས་གྲོང་གསེབ་ཁག་གི་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་སོང་། དེར་བརྟེན་གྲོང་གསེབ་པ་མང་པོ་ཞིག་རང་ཁྱིམ་དུ་འཛུལ་ནས་ལྷ་ཁང་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་གྱི་ཡོད་པར་མཉམ་ཞུགས་བྱེད་དུ་ཡོང་གི་མི་འདུག་ཅེས་གནས་འཛིན་བླ་མ་ཡའོ་ཧྥེས་བློ་ཕམ་གྱི་ངང་དུ་གསར་འགོད་པར་འགྲེལ་བཤད་བརྒྱབ་འདུག་གོ

XS
SM
MD
LG