ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བླ་ཆེན་ཕོབ་མཆོག་གི་གསུང་འཕྲིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ལོ་ལྟར་ཕྱི་ཟླ་༡༢་ཚེས་༢༥་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཡེ་ཤུའི་ཆོས་ལུགས་ཀྱི་བསྟན་པའི་བདག་པོ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུ་སྲོལ་ཡོད་ཅིང་། སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་དེར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད། བླ་ཆེན་ཕོབ་མཆོག་གིས་གདན་ས་ཝྭེ་ཊི་ཁན་གྱི་ཚོམས་ཆེན་ཏེ། སན་ཊི་ཕི་ཊར་གྱི་ལྷ་ཁང་ཆེན་མོའི་ཁྱམས་ར་ནས་འཛམ་གླིང་ཡོངས་ཀྱི་ཡེ་ཤུའི་ཆོས་དད་པ་ཚོར་འཚམས་འདྲི་དང་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་ཐུགས་སྨོན་གནང་སྟེ། བླ་ཆེན་མཆོག་གིས་ཡེ་ཤུའི་ཆོས་དད་པ་ཚོས་འཛམ་གླིང་གི་ཉམ་ཐག་དབུལ་ཕོངས་རྣམས་དང་དམག་འཁྲུག་གི་དཀའ་ངལ་ནང་དུ་ཚུད་པ། རང་བྱུང་གོད་ཆག་གི་དཀའ་སྡུག་དང་བཀྲེས་ལྟོགས་ཀྱི་དཀའ་ངལ་མྱོང་བཞིན་པ་རྣམས་མ་བརྗེད་པ་བྱ་དགོས། ལྷག་པར་དུ་ཡེ་ཤུའི་ཆོས་དད་པ་ཚོ་རྒྱུ་དངོས་ལོངས་སྤྱོད་ལ་འདོད་རྔམ་ཇེ་ཆེར་སོང་སྟེ་གཞན་ཕན་དང་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དེར་འཐུས་ཤོར་འགྲོ་བཞིན་འདུག འཛམ་གླིང་འདིའི་མི་དམངས་དབུལ་ཕྱུག་གཉིས་ཀྱི་ཁྱད་པར་ཇེ་ཆེར་འགྲོ་བཞིན་པ་ནི་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་གསུངས་འདུག

ད་ལྟ་དགུང་གྲངས་༨༢་ལ་ཕེབས་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་གིས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ་མང་ཚོགས་ལ་གསུང་བཤད་གནང་བ་ཐེངས་༦་པ་དང་བླ་ཆེན་གང་ཉིད་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཁྲི་ལ་ཕེབས་ནས་ལོ་༦་པ་དེ་འགྲོ་བཞིན་ཡོད་པ་དང་། སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་དེར་སན་ཊི་ཕི་ཊར་གྱི་ལྷ་ཁང་ཆེན་མོའི་མདུན་ཐང་དུ་ཡེ་ཤུའི་ཆོས་དད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་བསྡོམས་མི་ཁྲི་ཚོ་གཅིག་ལྷག་འདུས། གདན་ས་ཝྭེ་ཊི་ཁན་དང་ཨི་ཊི་ལིའི་གཞུང་གིས་སན་ཊི་ཕི་ཊར་གྱི་ལྷ་ཁང་ཆེན་མོའི་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་སྟེ། བདུན་ཕྲག་སྔོན་མར་ཨི་ཊི་ལིའི་ལྷོ་ཕྱོགས་སུ་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཞིག་ཡིན་པར་དོགས་གཞི་ཅན་གྱི་མི་ཞིག་འཛིན་བཟུང་བྱས་པ་དང་། སྐྱེས་ཡུལ་ཨ་ཧྥི་རི་ཀའི་རྒྱལ་ཁབ་སོ་མ་ལི་ཡ་ནས་ཡིན་པའི་ཁ་ཆེ་དེས་ཨི་ཊི་ལིའི་རྒྱལ་ས་རོམ་གྲོང་ཁྱེར་དུ་ཆགས་ཡོད་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་ལྷ་ཁང་ཆེན་མོར་གཏོང་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པས་ཨི་ཊི་ལིའི་གཞུང་གིས་དོགས་ཟོན་བྱེད་ཀྱི་ཡོད་ཅིང་། སན་ཊི་ཕི་ཊར་ནི་སྟོན་པ་ཡེ་ཤུ་གང་དེར་འཁོར་༡༢་བྱུང་བ་དེའི་ནང་གི་འཁོར་གྱི་གཙོ་བོ་དེར་བརྩི་སྲོལ་ཡོད་པ་རེད།།

བླ་ཆེན་ཕོབ་མཆོག་གིས་སྟོན་པ་ཡེ་ཤུ་གང་ཉིད་ཀྱང་ཕ་མ་དབུལ་ཕོངས་ཤིག་གི་སྲས་སུ་རྟ་ར་ཞིག་གི་ནང་དུ་འཁྲུངས་ཡོད། ཡེ་ཤུའི་ཆོས་དད་པ་ཚོས་རང་གི་སྟོན་པའི་མཛད་པ་དང་རྣམ་ཐར་རྣམས་དྲན་པར་བྱ་དགོས། རྒྱུ་དངོས་ལོངས་སྤྱོད་ལ་ཆགས་ཞེན་ཆེ་བའི་ཡེ་ཤུའི་ཆོས་དད་པ་ཚོས་སྟོན་པ་ཡེ་ཤུའི་མཛད་པ་དང་རྣམ་ཐར་རྣམས་ཡིད་ལ་སྒོམ་དགོས། ང་ཚོས་རང་སེམས་ནང་དུ་བཀུག་ནས་བསམ་བློ་ཞིབ་ཏུ་བཏང་ན་ང་ཚོར་ལོངས་སྤྱོད་དེ་རྣམས་ངོ་མར་དགོས་ཀྱིན་འདུག་གམ། ང་ཚོར་དགོས་ངེས་མིན་པའི་ལོངས་སྤྱོད་དེ་དག་མེད་ཀྱང་འཚོ་གནས་བྱེད་མི་ཐུབ་བམ། ང་ཚོས་ངེས་པར་དུ་འདོད་ཆུང་ཆོག་ཤེས་དང་སྟབས་བདེའི་འཚོ་བ་ཞིག་སྐྱེལ་དགོས། དེང་སྐབས་ང་ཚོའི་ཉིན་རེའི་འཚོ་བ་ནི་རྒྱུ་དངོས་ལོངས་སྤྱོད་གསོག་སྒྲུབ་ཁོ་ནའི་རྔམ་སེམས་དང་འགྲོ་བ་མིའི་སྤྱི་ཚོགས་ཧྲིལ་བོ་ཚིམས་པ་མེད་པའི་འདོད་རྔམ་གྱི་རྗེས་སུ་འབྲང་གི་འདུག ང་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཅིག་ནས་བླ་ཆེན་ཕོབ་མཆོག་ལ་འདེམས་ཐོན་བྱུང་བའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཁྲི་འཛིན་པ་དང་པོ་ཡིན། ངའི་མི་ཚེ་འདིའི་དམིགས་ཡུལ་ནི་དབུལ་ཕོངས་ཀྱི་དཀའ་སྡུག་སེལ་པའི་ཆེད་དུ་འབད་བརྩོན་བྱ་རྒྱུའི་དམ་བཅའ་བཞག་ཡོད་ཅེས་བཀའ་སློབ་གནང་འདུག

ལོ་འདིའི་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་སུ་བླ་ཆེན་ཕོབ་མཆོག་གིས་གདན་ས་ཝྭེ་ཊི་ཁན་གྱི་ཉེ་འཁོར་དུ་སྨན་ཁང་ཞིག་སྒོ་ཕྱེ་ནས་མང་ཚོགས་ལ་སྨན་སྦྱིན་གཏོང་བ་དང་ནད་པ་ཚོས་སྨན་ཡོན་སྤྲོད་མི་དགོས་པར་སྨན་པ་མཁས་པ་ཚོས་བརྟག་དཔྱད་བྱས་ནས་གཞན་ཕན་གྱི་དགེ་སྒྲུབ་བྱས་པ་དང་དབུལ་ཕོངས་ལ་སྦྱིན་པ་གཏོང་གི་ཡོད་མོད། འོན་ཀྱང་ད་དུང་ཡང་གདན་ས་ཝྭེ་ཊི་ཁན་གྱི་ཉེ་འཁོར་དང་རྒྱལ་ས་རོམ་གྲོང་ཁྱེར་དུ་སློང་མོ་བ་འབུམ་༡་དང་ཁྲི་ཚོ་༦་ལྷག་ཡོད་ཅིང་། ད་ལོ་གདན་ས་ཝྭེ་ཊི་ཁན་གྱི་མཆོད་མེའི་གློག་སྒྲོན་རྣམས་ཀྱང་གློག་གྲོན་ཆུང་བའི་ཤེལ་རྡོག་ལ་བསྒྱུར་འདུག སྤྱིར་འཛམ་གླིང་གི་ཆོས་ལུགས་ཐམས་ཅད་ཀྱི་དམིགས་ཡུལ་ནི་གཞན་ཕན་དང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ཆེད་དུ་ཡིན་རུང་། ཡེ་ཤུའི་ཆོས་ལུགས་ལ་འཛམ་གླིང་ཡུལ་གྲུ་གང་སར་སློབ་གྲྭ་བཙུགས་པ་དང་སྨན་ཁང་ཕྱེ་པ། དབུལ་ཕོངས་ལ་དགེ་སྦྱིན་གཏོང་བ་སོགས་དམིགས་བསལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་རེད།།

XS
SM
MD
LG