ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སི་རི་ཡ་ནས་ཨ་རིའི་དམག་དཔུང་འཐེན་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྲིད་འཛིན་ཌོ་ནལ་ཊམ་གྱིས་སི་རི་ཡ་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཐག་བཅོད་བྱས་ནས་མི་མང་པོ་ཞིག་ལ་བློ་འཚབ་ཡོང་གི་ཡོད་ཅིང་། ཁ་སང་དཀར་པོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་སི་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན། ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་བཏང་ཟིན་ཞེས་བསྒྲགས་པས་ཨ་རིའི་གྲོས་ཚོགས་ཁྲིམས་བཟོ་བ་རྣམས་ཐག་གཅོད་དེར་ཧ་ལས། ཐ་ན་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱུན་དུ་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཚོ་ཁག་ཀྱང་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་རེད།།

གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་གི་གཙོ་འཛིན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱེམ་སི་ཨིན་ཧོ་ཧྥེས་འདི་ག་རླུང་འཕྲིན་ཁང་ལ་ངས་སྲིད་འཛིན་གྱིས་ཐག་བཅོད་འདི་འདྲ་ཞིག་བྱ་རྒྱུ་ཡིན་པ་ཧ་གོ་མ་སོང་། འདི་ནི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་པའི་དུས་ཚོད་འོས་འཚམས་ཤིག་ཡིན་མིན་བཤད་དཀའ། ང་ཚོར་གོ་བསྡུར་ཅི་ཡང་མ་བྱས་པར་ཐག་གཅོད་བྱས་པ་ཞིག་རེད་བརྗོད། ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་མཐུན་ཕྱོགས་གཙོ་བོ་ལིན་སི་གྷེ་རམ་གྱིས་ཀྱང་ཐག་གཅོད་འདི་ཆག་སྒོ་ཆེན་པོ་ཞིག་གི་སྣེ་འདྲེན་རེད་ཅེས་སྐྱོན་བརྗོད་བྱས་འདུག

གསར་འགྱུར་བརྒྱུད་ལམ་མང་ཆེ་བས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་མཐོ་རིམ་དམག་དོན་སློབ་སྟོན་པ་ཚོར་ཉན་འཇོག་མ་བྱས་པར་སི་རི་ཡ་ནས་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཐག་བཅོད་བྱས་པ་རེད་ཅེས་གནས་ཚུལ་སྤེལ་མོད། འོན་ཀྱང་ཁ་སང་གི་གསལ་བསྒྲགས་དེ་མ་སྤེལ་གོང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊོས་ཊར་དྲྭ་ལམ་དུ་ང་ཚོས་སི་རི་ཡའི་ས་ཐོག་ཏུ་གཞི་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་ཚར་གཅོད་བྱས་ཟིན། རྒྱུ་མཚན་དེ་ལ་བརྟེན་ནས་སི་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་མུ་མཐུད་དུ་འགྲེམ་འཇོག་བྱ་དགོས་དོན་མི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ་བར་མ་ཟད། ཨ་རིའི་དམག་དོན་མི་སྣ་ཁག་ཅིག་གིས་ཀྱང་དགོས་མཁོ་བྱུང་ན་ཨི་རགཀ་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་རྣམས་འཕྲལ་དུ་སི་རི་ཡར་འདྲེན་གཏོང་བྱེད་ཆོག་ཅེས་བཤད།།

ཨ་རིའི་ཝྭིར་འཇི་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊིམ་ཁེན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་དམག་དོན་སློབ་སྟོན་པ་ཚོར་གྲོས་བསྡུར་བྱས་ནས་ཨ་མི་རི་ཀའི་དམག་དཔུང་སི་རི་ཡ་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅོད་བྱས་པ་ཡིན་མིན་འདྲི་རྩད་བྱེད་ཀྱི་ཡོད་ཅིང་། ཨ་རིའི་གྲོས་ཚོགས་གོང་མར་སྲིད་འཛིན་གྱི་ཐག་བཅོད་དེར་རྒྱབ་སྐྱོར་བྱེད་མཁན་ནི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རཱན་ཌི་ཕལ་སོགས་མི་རེ་ཟུང་ལས་མེད།།

ཐ་ན་སི་རི་ཡར་དམག་དཔུང་གཏོང་རྒྱུ་དེར་ཐེ་ཚོམ་འཛིན་མཁན་གྱི་གྲོས་ཚོགས་ཁྲིམས་བཟོ་བ་ཚོས་ཀྱང་ཕོ་བྲང་དཀར་པོའི་ཐག་གཅོད་དེ་ཉིད་མགོ་འཐོམ་དགོས་པ་ཞིག་རེད་ཅེས་གླེང་། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་དམངས་གཙོ་ཚོགས་པའི་འཐུས་མི་བྷེན་ཁར་ཌིན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་སི་རི་ཡའི་ས་ཐོག་ཏུ་ད་དུང་ཡང་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་སྟོབས་ཤུགས་ཉམས་དམས་ཕྱིན་མེད་པས་དྲག་སྤྱོད་པའི་སྒྲིག་འཛུགས་དེ་སྔར་བཞིན་ཡོད་མུས་སུ་བརྩི་དགོས་ཞེས་ནན་བརྗོད་བྱས་འདུག

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་མི་ལིན་སི་གྷེ་རམ་གྱིས་ངས་བལྟས་ན་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་དུས་ཚོད་མིན་པ་དང་ནོར་འཛོལ་ཚབས་ཆེན་ཞིག་འབྱུང་གི་འདུག ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་སླར་ཡང་སྟོབས་ཤུགས་རྒྱས་ན་ང་ཚོ་ཚང་མར་ཉེན་ཁ་འབྱུང་གི་རེད། སྔོན་ཆད་སྲིད་འཛིན་ཨོ་བྷ་མས་ཨི་རག་གི་ས་ཐོག་ཏུ་བཀྲམ་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱས་ནས་ནོར་འཁྲུལ་བྱུང་ཡོད། ཐེངས་འདིའི་ཐག་གཅོད་ཀྱང་དེ་འདྲའི་ནོར་འཁྲུལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཆོག་ཅེས་བཤད་འདུག

ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཆེས་མཐོའི་དམག་དོན་སློབ་སྟོན་པའི་ཁ་ལ་མ་མཉན་པར་ཐག་བཅོད་འདི་འདྲ་ཞིག་བྱས་པ་རེད་ཅེས་སྐྱོན་བཙུགས། འདི་ནི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཚོར་བློ་འཚབ་འབྱུང་གཞི་ཞིག་ཏུ་འགྱུར་སྲིད། ད་དུང་ས་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་ཉེན་ཁ་ཆེ་རུ་འགྱུར་སྲིད་པ་ཞིག་རེད་ཅེས་རྩོམ་ཡིག་སྤེལ་འདུག

གསར་འགོད་པ། ཡེ་ཤེས་རྡོ་རྗེ།

XS
SM
MD
LG