ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་གྲོས་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་གསར་དུ་བཏོན་པའི་སྙན་ཐོ་དེར་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་གནད་འགག་ཆེ་བའི་གནད་དོན་ཁག་ཐད་དུ་ཕན་ཚུན་བསྟུན་མཁས་བྱེད་སྟངས་སྙོམས་པོ་མེད་པ་གསལ་སྟོན་བྱས་པ་ཡོད་པ་སྟེ། རྒྱ་གར་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ལ་ཚོར་སྐྱེན་རྣོ་བའི་བོད་དོན་དང་ཐེ་ཝན་གྱི་གནད་དོན་ཐོག་ཏུ་རྒྱ་གར་གྱིས་གཟབ་ནན་བྱ་རྒྱུ་ཐལ་དྲགས་ཡོད་ཀྱང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་བདག་དབང་ལ་འབྲེལ་བ་ཡོད་པའི་གནད་དོན་ཏེ། ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་དང་པ་ཀི་སི་ཐན་གྱིས་བཙན་བཟུང་བྱས་པའི་ཀ་ཤི་མིར་སོགས་ལ་དེ་མཚུངས་ཀྱི་བརྩི་འཇོག་ཞུ་ཡི་མེད་པས་རྒྱ་གར་གཞུང་གིས་ཐེ་ཝན་གྱི་འབྲེལ་བ་གཙོས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་བསམ་ཞིབ་བྱས་ནས་ཐག་གཅོད་ཡག་པོ་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

སྤྱིར་རྒྱ་གར་དང་ཐེ་ཝན་གཉིས་ལ་འབྲེལ་བ་བཟང་པོ་ཞིག་ཚུགས་ནས་འཕེལ་རྒྱས་ཡག་པོ་ཞིག་ཕྱིན་ཡོད་ཀྱང་རྒྱ་གར་གྱིས་ཐེ་ཝན་ལ་རྒྱལ་འབྲེལ་གྱི་གནས་བབ་ཐོག་ཏུ་ངོས་ལེན་བྱས་མེད་པ་གསལ་སྟོན་བྱས་ཡོད་ཅིང་། རྒྱ་གར་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་ཆུང་དེས་རྒྱ་གར་གྱི་འཛིན་སྐྱོང་ཐད་དུ་བསམ་ཚུལ་དང་ཐབས་ཇུས་ཁག་ཅིག་འོས་སྦྱོར་བྱས་འདུག རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་གནད་འགག་ཆེ་བའི་རྟེན་གཞི་འཛིན་གྱི་ཡོད་པས་རྒྱལ་ཁབ་དེ་དག་དང་རྒྱ་གར་གྱི་འབྲེལ་བར་འགེལ་རྐྱེན་འབྱུང་སྲིད་ཅེས་བཀོད།།

རྒྱ་གར་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ལ་རྒྱ་ནག་གིས་རྒྱ་གར་མཐའ་བསྐོར་རྒྱུའི་སྲིད་བྱུས་དང་དམིགས་ཡུལ་ཡོད་པའི་ལྟ་ཚུལ་གསལ་བོ་ཞིག་མེད་ཀྱང་གྲོས་ཚོགས་ཀྱི་ཚོགས་ཆུང་དེས་རྒྱ་ནག་གིས་རྒྱ་གར་ལ་མི་མངོན་པའི་སྒོ་ནས་ཚོད་འཛིན་བྱ་རྒྱུའི་སྲིད་བྱུས་ཤིག་འཛིན་གྱི་འདུག་ཅེས་བཀོད་འདུག ཚོགས་ཆུང་དེས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་གྱི་ཞིབ་ཕྲའི་ལས་དོན་ཅི་ཡིན་དང་དམིགས་ཡུལ་ངོ་མ་ཅི་རྣམས་གསལ་བོ་ཞིག་མེད་ཀྱང་ཕྱིའི་རྣམ་པར་གཞིགས་ན་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་གཞི་རྒྱ་ཆེན་པོ་དང་རྒྱ་ནག་གིས་འཛམ་གླིང་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་ཁོ་ནའི་ཆེད་དུ་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ་དང་རྒྱ་ནག་གིས་ས་ཁམས་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་བཅས་ཀྱི་ཁེ་ཕན་ཆེད་དུ་གནས་བབ་ཆེན་པོ་ཞིག་འཛིན་འཆར་ཡོད་པ་གསལ་བོ་རེད་ཅེས་འགྲེལ་བཤད་བརྒྱབ།།

ད་དུང་སྙན་ཐོའི་དེར་འདས་པའི་ལོ་དེར་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གིས་དམག་གྲ་བསྒྲིགས་ནས་དམག་འཁྲུག་གི་ཛ་དྲག་ཆེན་པོ་བྱུང་བས་རྒྱ་དཀར་ནག་གཉིས་ཀས་ཛ་དྲག་གི་གནས་སྟངས་དེ་ཉིད་ཞི་འཇམ་གཏོང་རྒྱུའི་ཆེད་དུ་རྒྱལ་ཁབ་རིམ་པའི་གྲོས་མོལ་ཐེངས་༡༣་བྱས་ཀྱང་རྒྱ་ནག་གི་མཐའ་སྲུང་དམག་འབྲོག་ལམ་ཁུལ་དུ་སིམ་འཛུལ་གྱིས་རྒྱ་ནག་དང་འབྲུག་ཡུལ། རྒྱ་གར་བཅས་རྒྱལ་ཁབ་གསུམ་ལ་རྩོད་གཞི་ཡོད་ས་དེར་རྒྱ་ནག་གིས་ཕྱོགས་གཅིག་རྐྱང་པ་དང་ངོ་ཚ་ཁྲེལ་གཞུང་མེད་པར་འགྱུར་བ་གཏོང་ཐབས་བྱས་པར་ལམ་ལྷོངས་མ་བྱུང་བ་རེད། དེར་བརྟེན་རྒྱ་གར་གྱི་རྒྱལ་སྲུང་ལ་འགན་འཁྲི་ཇེ་ཆེ་དང་བདེ་འཇགས་ལ་དཀའ་ངལ་ཇེ་ཆེར་ཕྱིན་ཡོད་ཅེས་བཀོད།། རྒྱ་གར་གྲོས་ཚོགས་ཀྱི་ཚོགས་ཆུང་དེས་རྒྱ་གར་གཞུང་གིས་འབྲོག་ལམ་ཁུལ་དུ་རྒྱ་ནག་ལ་ཁ་གཏད་བཅགས་ནས་ཛ་དྲག་གི་གནས་སྟངས་ཞི་འཇམ་གཏོང་སྟངས་ལ་བསྔགས་པ་བརྗོད། རྒྱ་དཀར་ནག་དང་འབྲུག་ཡུལ་བཅས་འབྲེལ་ཡོད་རྒྱལ་ཁབ་གསུམ་གྱི་འདྲེས་མཚམས་དེའི་ཉེ་འཁོར་དུ་རྒྱ་ནག་གིས་རྨང་གཞིའི་འཛུགས་སྐྲུན་བྱས་པ་རྣམས་གཏོར་བཤིག་བཏང་མེད་པ་ནི་བློ་འཚབ་སྐྱེ་གཞི་ཞིག་རེད་ཅེས་བསྟན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཤཱ་ཤི་ཐ་རུར་གྱིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་རྩོད་གཞི་ཅན་གྱི་འབྲོག་ལམ་ས་ཁུལ་ནི་འབྲུག་གི་ཁོངས་སུ་གཏོགས་པས་རྒྱ་གར་ལ་ས་གནས་དེའི་བདག་དབང་མེད་ཀྱང་རྒྱ་གར་ལ་འབྲུག་ཡུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་ཆིངས་ཡིག་གི་ལས་འགན་ཡོད། དེས་ན་འབྲོག་ལམ་ས་ཁུལ་དུ་སྲུང་སྐྱོབ་བྱ་རྒྱུ་རྒྱ་གར་གྱི་ལས་འགན་གཙོ་བོ་ཞིག་ལ་གྱུར་ཡོད་ཅེས་བསྟན་ནོ།།

གསར་འགོད་པ་བསོད་ནམས་དབྱངས་འཛོམས།

XS
SM
MD
LG