ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཅང་རུང་ལ་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་ཉེས་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་སྲིད་གཞུང་ལ་ཐོ་འགོད་བྱས་མེད་པའི་ཡེ་ཤུའི་ཆོས་ཚོགས་ཁག་ལ་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ཁ་སྔོན་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དཔོན་བརྒྱ་སྐོར་ཞིག་འཛིན་བཟུང་དང་བཀག་ཉར། ལྷག་པར་དུ་ཡེ་ཤུའི་ཆོས་དཔོན་ཝང་དབྱིའི་ཆུང་མ་ཅང་རུང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱ་དགོས་པའི་ངན་སྐུལ་བྱས་སོང་ཞེས་ནག་ཉེས་བཙུགས་ཀྱང་ཆོས་དཔོན་ཝང་དབྱིའི་ཆུང་མས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློབ་ཐབས་ལ་ངན་སྐུལ་ཇི་ལྟར་བྱས་ཡོད་མེད་གཞུང་འབྲེལ་གྱིས་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་ཅིང་། ཆོས་དཔོན་ཝང་དབྱི་དང་ཆུང་མ་ཅང་རུང་གཉིས་ཀྱིས་རྒྱ་ནག་གཞུང་གིས་ཡེ་ཤུ་ཆོས་དད་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་འཛེམ་ཟོན་མེད་པར་ངོ་རྒོལ་དང་སྐྱོན་བརྗོད། རྒྱ་ནག་གི་སྤྱི་ཚོགས་སུ་གཞུང་འབྲེལ་གྱི་ཆོག་མཆན་མེད་པར་བཙུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་སྲ་བརྟན་དང་དར་སྤེལ་གཏོང་བར་སྲི་ཞུ་བསྒྲུབས། དེར་བརྟེན་རྒྱ་ནག་གཞུང་གིས་ཆོས་དཔོན་ཝང་དབྱིའི་ཆུང་མ་ཅང་རུང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱ་དགོས་པའི་ངལ་སྐུལ་བྱས་སོང་ཞེས་ནག་ཉེས་བཙུགས་ནས་བཀག་ཉར་བྱས་པ་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཆོས་དཔོན་ཝང་དབྱི་བཟའ་ཚང་གཉིས་རྒྱ་ནག་གི་སི་ཁྲོན་ཞིང་ཆེན། ཁྲེན་ཏུའུ་གྲོང་ཁྱེར་གྱི་ཡུལ་མི་ཡིན་ཞིང་། ཁོ་ཚོས་ཁྲེན་ཏུའུ་གྲོང་ཁྱེར་དུ་གཞུང་འབྲེལ་གྱི་ཆོག་མཆན་མེད་པར་ཚུགས་པའི་རྒྱ་ནག་གི་ཡེ་ཤུའི་ཆོས་ཚོགས་ཁག་ཁག་གི་ཚོགས་མི་ཚོར་ལྟ་སྐྱོང་གི་ལས་འགུལ་སྤེལ་གྱི་ཡོད་རུང་གཟའ་ཉི་མར་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དཔོན་༡༠༠་ལྷག་འཛིན་བཟུང་བྱས་པའི་ཁག་ཅིག་ལ་ཁྲིམས་འགལ་ཉེས་ཅན་པའི་ནག་ཉེས་བཙུགས། ཁ་སང་གཟའ་ཕུར་བུ་བར་དུ་མི་ཚོས་ཆོས་དཔོན་ཝང་དབྱིའི་ཆུང་མ་ཅང་རུང་ལའང་ཅི་ཞིག་བྱུང་མིན་ཤེས་རྟོགས་ཐུབ་མེད། ཆོས་ཚོགས་དེའི་ཚོགས་མི་རྣམས་སྨོན་ལམ་ལ་ཚོགས་པའི་སྐབས་སུ་ཅང་རུང་རྒྱ་གཞུང་གི་ཉེན་རྟོག་པའི་ལྟ་རྟོག་འོག་ཏུ་བཞག་ཡོད་ཅེས་འཁོད་པའི་བརྡ་ཐོ་ཞིག་འབྱོར་འདུག མིང་འདོན་མ་བྱས་པའི་ཁྲིམས་རྩོད་པ་ཞིག་གིས་ཆོས་དཔོན་ཝང་དབྱིའི་ཆུང་མ་ཅང་རུང་ས་གནས་ཤིག་ཏུ་བཀག་ཉར་བྱས་འདུག་པས་ཁོ་མོ་ཉུང་མཐའ་ཡང་དུས་ཡུན་ཟླ་བ་༦་ཡས་མས་ཤིག་ལ་འགོག་ཉར་བྱ་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

ཆོས་དཔོན་ཝང་དབྱིས་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་དད་པ་ཚོར་རྟག་ཏུ་གསུང་ཆོས་གནང་གི་ཡོད་པས་རྒྱ་ནག་གཞུང་གིས་ཆོས་དཔོན་ཝང་ལའང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའམ། ཡང་ན་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་དགོས་ཞེས་ངན་སྐུལ་བྱེད་ཀྱི་ཡོད་པའི་ནག་ཉེས་འཛུགས་སྲིད། ལོ་ན་༧༣་ལ་སོན་པའི་ཆོས་དཔོན་ཝང་དབྱིའི་ཨ་མ་ཁྲེན་ཡ་ཤུའི་ཞེས་པ་ཞིག་གིས་གསར་འགོད་པ་ཚོར་ངའི་བུ་དང་མནའ་མ་གཉིས་ཀས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་ངན་སྐུལ་གང་ཡང་བྱས་མེད། ཁྲེན་ཏུའུ་གྲོང་ཁྱེར་གྱི་ཉེན་རྟོག་པས་ཁྲིམས་འགལ་ཐོག་ཏུ་ངའི་བུ་དང་མནའ་མ་གཉིས་འཛིན་བཟུང་བྱས་སོང་། ངའི་བུ་དང་མནའ་མ་སོགས་ལ་ནག་ཉེས་འཛུགས་སྟངས་དེར་བལྟས་ན་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ཡེ་ཤུའི་ཆོས་དད་པ་ཚོར་སྡང་ཟུག་ཆེན་པོ་ཡོད་པ་མཚོན་ཐུབ་ཅེས་བཤད།།

ཁ་སྔོན་གཟའ་ཉི་མར་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་ཚོགས་ཁག་ལ་དྲག་གནོན་བྱས་པའི་རྗེས་སུ་ཅང་རུང་དང་ལོ་༡༡་ལ་སོན་པའི་བུ་ཞིག་ཡོད་པ་ཁྱོ་གའི་ཨ་མའི་ཁྱིམ་དུ་སྐྱེལ། མནའ་མ་ཆུ་ཚོད་གཉིས་ཡས་མས་གི་རྗེས་སུ་བཙན་ཁྲིད་བྱས་ནས་བཀག དེ་ནས་བཟུང་སྟེ་ཆོས་དཔོན་ཝང་དབྱི་བཟའ་ཚང་གཉིས་ཀྱི་བུ་དེར་མེས་མོ་ལོ་ན་༧༣་ལ་སོན་པ་དེས་བདག་སྐྱོང་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་རྒན་མོ་ལོ་ན་༧༣་ལ་སོན་པ་ཞིག་དང་བུ་ཆུང་ལོ་ན་༡༡་ལ་སོན་པ་ཞིག་ལའང་ཉིན་མཚན་མེད་པར་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པར་མ་ཟད། མེས་མོ་དང་ཚ་བོ་གཉིས་གང་དུ་བསྐྱོད་ཀྱང་ཉེན་རྟོག་པ་རྗེས་སུ་དེད། དེས་ན་ཚ་བོ་བུ་ཆུང་དེ་ཉེན་རྟོག་པར་འཇིགས་སྣང་དང་ཕ་མ་བཙན་ཁྲིད་བྱས་པའི་སེམས་སྡུག ཁོ་ཚོར་ཉེན་རྟོག་པས་རྗེས་འདེད་བྱེད་ཀྱི་ཡོད་པ་བཅས་ཀྱི་གནོན་ཤུགས་རྣམས་བཟོད་སྒོམ་མི་ཐུབ་པའི་གནས་སུ་ལྷུང་སྟེ་བུ་ཆུང་དེར་མཚན་ལ་གཉིད་ཁུག་མི་ཐུབ་པའི་སེམས་ངལ་ཆེན་པོ་ཕོག རྒྱ་ནག་གི་བཅའ་ཁྲིམས་ལྟར་ན་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་སམ། ཡང་ན་སྲིད་དབང་མགོ་རྟིང་སློག་ཐབས་ལ་ངན་སྐུལ་བྱས་པ་རེད་ཟེར་པའི་ཉེས་ཁྲིམས་དེར་ཉུང་མཐའ་ཡང་ལོ་༥་ནས་ལོ་༡༥་ཡས་མས་ཀྱི་བཙོན་འཇུག་གི་ཁྲིམས་གཅོད་གཅོད་སྲིད།།

འདི་ཙམ་ན་ཆོས་དཔོན་ཝང་དབྱིའི་ལས་རོགས་ལི་དབྱིང་ཆང་ཞེས་པ་ཞིག་གིས་དྲྭ་ལམ་དུ་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པའི་གསར་འགྱུར་སྤེལ། ཁོང་ལ་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ནག་ཉེས་བཙུགས་ནས་བཀག་ཉར་བྱས་ནས་ལི་དབྱིང་ཆང་གིས་བསམ་བཞིན་འཁྲུག་རྩོད་བསླངས་པ་དང་ཟིང་འཁྲུག་བསླངས་པ་རེད་ཅེས་ནག་ཉེས་བཙུགས་འདུག ཡིན་ནའང་ཡེ་ཤུའི་ཆོས་ཚོགས་དེའི་ཚོགས་མི་ཚོས་ལི་དབྱིང་ཆང་གིས་ཉེན་རྟོག་པས་ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་ཐེར་འདོན་བྱས་ནས་དྲྭ་ལམ་དུ་པར་དང་བརྙན་འཕྲིན་འགྲེམ་སྤེལ་བྱས་པ་ལས། ཁོང་གིས་མི་ལ་འཁྲུག་རྩོད་དང་སྤྱི་ཚོགས་ལ་ཟིང་ཆ་སློང་དགོས་པའི་ངན་སྐུལ་གང་ཡང་བྱས་མ་སོང་ཞེས་དག་སྐྱེལ་བྱས་ཤིང་། ད་དུང་ཡེ་ཤུའི་ཆོས་ཚོགས་དེའི་འགོ་ཁྲིད་གཙོ་གྲས་ཆིན་ཏེ་ཧྥུ་དང་གེ་དབྱིང་ཧྥེང་། ལུ་ཅིན་ཧེང་བཅས་ལའང་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བའི་ནག་ཉེས་བཙུགས་འདུག་ལ། ཆོས་ཚོགས་དེའི་ཚོགས་མི་གཞན་པ་གསུམ་ལའང་ཁྲིམས་འགལ་བྱས་པའི་ནག་ཉེས་བཙུགས། འོན་ཀྱང་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཟེར་པ་དེར་ཚད་འཛིན་དང་འགྲེལ་བཤད་གསལ་བོ་ཞིག་གཏན་ནས་རྒྱག་གི་མེད་པ་རེད།།

XS
SM
MD
LG