ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གུ་གུལ་འཕྲུལ་རིག་བཟོ་ཚོང་ལས་ཁང་ལ་གྲོས་ཚོགས་ཀྱིས་ཞིབ་འཇུག


༄༅།། གུ་གུལ་འཚོལ་ཞིབ་དྲྭ་རྒྱ་ནི་འཛམ་གླིང་གི་འཚོལ་ཞིབ་དྲྭ་རྒྱ་དེའི་རྒྱ་ཁྱོན་བརྒྱ་ཆ་༧༠་ཟིན་པའི་འཕྲུལ་རིག་བཟོ་ཚོང་ཁང་ཞིག་ཡིན། འཚོལ་ཞིབ་དྲྭ་རྒྱ་ནི་དྲྭ་རྒྱའི་རང་དབང་ཡོད་པའི་ཡུལ་ལུང་ཁག་ཏུ་འཛད་སྤྱོད་པའི་ཉིན་རེའི་བྱེད་སྒོ་སྟེ། ཅ་ལག་ཉོ་ཚོང་དང་བཞུད་ལམ་འཚོལ་རྒྱུ་སོགས་བེད་སྤྱོད་ཆེན་པོ་ཡོད་ཅིང་། གུ་གུལ་བཟོ་ཚོང་ཁང་གི་ཡོངས་གྲགས་ཀྱི་ཚོང་རྫས་གྲས་སུ་འཚོལ་ཞིབ་དྲྭ་རྒྱ་དང་ཡུ་ཊུབ། གྷི་མེལ་གློག་འཕྲིན་སོགས་མི་གྲས་ས་ཡ་མང་པོས་བེད་སྤྱོད་བྱེད་བཞིན་ཡོད་པར་མ་ཟད། དྲྭ་རྒྱའི་སྟེང་དུ་གནས་ཚུལ་བཟང་ངན་སྤེལ་བར་བརྟེན་ནས་འཛད་སྤྱོད་པའམ། མི་མང་འོས་འཕེན་པའི་བསམ་བློར་ཤུགས་རྐྱེན་ཆེན་པོ་གཏོང་གི་ཡོད་པ་རེད། གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་གིས་ཨ་མི་རི་ཀའི་གུ་གུལ་འཚོལ་ཞིབ་དྲྭ་རྒྱ་དེའི་འགན་འཛིན་འབོད་འགུགས་ཀྱིས་འལ་ཞིབ་དྲྭ་རྒྱར་ཨ་རིའི་ཆབ་སྲིད་ཚོགས་པར་ཕྱོགས་སུ་ལྷུང་བའི་སྒོ་ནས་གནས་ཚུལ་བཀོད་ཡོད་མིན་འདྲི་ཞིབ་བྱས་སོང་།།

ད་དུང་ཨ་རིར་མི་རིགས་འདྲ་མིན་ཡོད་པ་ལྟར་དྲྭ་ཐོག་ཏུ་དེ་མཚུངས་ཀྱིས་ཁོག་རྩིས་བརྒྱབ་སྟེ་གནས་ཚུལ་འགོད་ཀྱི་ཡོད་པའི་སྐོར་ལའང་འདྲི་རྩད་བྱས་ཞིང་། སྐབས་དེར་འགན་འཛིན་སུན་ཎར་ཕི་ཆཱེས་ཨ་མི་རི་ཀའི་ཁྲིམས་དང་མཐུན་པའི་སྒོ་ནས་གནས་ཚུལ་སྤེལ་གྱི་ཡོད། གནས་ཚུལ་གསར་པ་ཐོན་རིམ་བཞིན་དུ་སྤྱང་གྲུང་བྱས་ཏེ་ཚོད་འཛིན་བྱེད་བཞིན་ཡོད་ཅེས་ལན་བཏབ། མི་སྒེར་གྱི་འགྲོ་སྐྱོད་ལ་དྲྭ་རྒྱའི་བརྒྱུད་ནས་བྱ་ར་བྱེད་ཀྱི་ཡོད་མེད་ལན་འདེབས་གསལ་པོ་ཞིག་བྱས་མ་སོང་། དྲི་བ་ཁག་ཅིག་ལ་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་ཏེ་རྗེས་སུ་འབུལ་ཆོག་ཅེས་ལན་འདེབས་བྱས་སོང་།།

གུ་གུལ་བཟོ་མཚོང་ཁང་གིས་རྒྱ་ནག་ལ་དྲྭ་རྒྱའི་ཁྲོམ་ར་རྒྱ་ཆེན་པོ་ཡོད་པ་སྣང་མེད་དུ་འཇོག་ཐབས་མེད། རྒྱ་ནག་གཞུང་གིས་གནས་ཚུལ་བཀག་སྡོམ་ལག་ལེན་བསྟར་གྱི་ཡོད་པར་བསྟུན་མཁས་བྱས་ནས་སླར་ཡང་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་འབྲེལ་འཛིུགས་འཆར་ཡོད་པ་དང་། གུ་གུལ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་གིས་ཆུ་སྲིན་རྒྱལ་མོ་ཞེས་པའི་འཚོལ་ཞིབ་མཉེན་ཆས་ཤིག་བཟོ་རྒྱུའི་ཁས་ལེན་བྱས་ནས་ཟླ་ཤས་འདས། རྒྱ་ནག་ལ་བཀོལ་སྤྱོད་བྱེད་བཞིན་པའི་འཚོལ་ཞིབ་དྲ་རྒྱ་པེ་ཏུའུ་ལ་བསྡུར་ན་གུ་གུལ་བཟོ་ཚོང་ཁང་གི་ཚོང་རྫས་རྣམས་འགྲན་ཟླ་བྲལ་བ་ཞིག་ཡིན་པ་ཨ་རིའི་གསར་ལམ་ཁག་ཏུ་བཤད་མོད། འོན་ཀྱང་བློ་འཚབ་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་བཟོ་ཚོང་ཁང་དེས་རྒྱ་ནག་གཞུང་ལ་ཞབས་ཞུ་བསྒྲུབ་འཆར་འདུག་ཅེས་དབྱེ་ཞིབ་པས་ཚོད་དཔག་བྱེད་བཞིན་ཡོད་ཅིང་། བོད་དོན་ལས་འགུལ་བ་དང་ཡུ་གུར་བའི་ལས་འགུལ་བ་ཁག་ཅིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་ཁང་གི་ཕྱི་ལོགས་སུ་གུ་གུལ་བཟོ་ཚོང་ཁང་གིས་རྒྱ་ནག་ལ་གནས་ཚུལ་བཀག་སྡོམ་གྱི་མཐུན་རྐྱེན་སྒྲུབ་མི་ཆོག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ལས་འཆར་དེས་རྒྱ་ནག་ལ་གནས་ཚུལ་བཀག་སྡོམ་ཡོད་མུས་ཀྱི་གནས་སྟངས་ལ་མཐུན་རྐྱེན་སྒྲུབ་ཀྱིན་འདུག ཨ་རིའི་བཟོ་ཚོང་ལས་ཁང་ཞིག་གིས་རྒྱ་ནག་ལ་མཉམ་འབྲེལ་ཚོང་ལས་གཉེར་གྱི་ཡོད་པར་བློ་འཚབ་ཡོད་པ་བསྟན། ཁོང་གིས་བོད་དོན་གྱི་གནས་ཚུལ་བཀག་སྡོམ་སོགས་ལ་ལས་འཆར་འདིས་བོད་གཙོ་བོར་གྱུར་པའི་རྒྱ་ནག་གི་ས་གནས་ཁག་ཏུ་འཚོལ་ཞིག་མི་ཆོག་པའི་ཐ་སྙད་སོགས་འཚོལ་བའི་སྐབས་ས་གནས་གང་དུ་འཚོལ་ཞིབ་བྱེད་ཀྱི་ཡོད་མིན་ཤེས་རྟོགས་ཐུབ་ཀྱི་རེད། འཚོལ་ཞིབ་བྱེད་མཁན་དེ་འཛིན་བཟུང་བྱེད་རྒྱུར་དྲ་རྒྱའི་མཐུན་རྐྱེན་གྱི་ཕན་ཐོགས་ཀྱི་རེད་ཅེས་གསུངས་སོང་།།

ཨ་རིའི་གྲོས་ཚོགས་འཐུས་མི་ཇཱེཀ་སེན་ལི་དང་གྷེ་ཛེ་སོགས་ཀྱིས་རྒྱ་ནག་ལ་ཆུ་སྲིན་རྒྱལ་མོ་ཞེས་པའི་མཉེན་ཆས་མཁོ་སྤྲོད་བྱ་འཆར་ཡོད་མེད་འདྲི་ཞིབ་བྱས་ཀྱང་འགན་འཛིན་ཕི་ཆཱས་རྒྱ་ནག་ལ་ལས་གཞི་དེ་སྤེལ་རྒྱུའི་འཆར་གཞི་མེད་ཅེས་ལན་བཏབ། གྲོས་ཚོགས་འཐུས་མི་ཚོས་གུ་གུལ་བཟོ་ཚོང་ཁང་གིས་གསལ་བསྒྲགས་དེ་ལྟར་བྱས་པར་དོ་སྣང་བྱ་འོས་ཞེས་ནན་བརྗོད་བྱས་ཤིང་། ད་དུང་གྲོས་ཚོགས་འཐུས་ཚོས་གཅིག་མཇུག་གཉིས་མཐུད་དུ་དྲ་རྒྱའི་འཛད་སྤྱོད་པར་འཚོལ་ཞིབ་དྲ་བ་དང་ཡུ་ཊུབ་སོགས་བརྒྱུད་ནས་ཞབས་ཞུ་སྒྲུབ་པ་དང་དུས་མཉམ་དུ་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG