ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

མེང་ཧུང་ཝེ་ཆབ་སྲིད་གྲོས་ཚོགས་ནས་ཕྱིར་ཕུད།


༄༅།། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཟུར་པ་མེང་ཧུང་ཝེ་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་ནས་ཕྱིར་ཕུད་ཀྱིས་ཁོ་པར་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བསྒྲགས། ཉེ་ཆར་ཕྱི་ཟླ་༩་ནང་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་ཁྲིད་མེང་ཧུང་ཝེ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་ནས་རང་ཡུལ་དུ་འབོད་འགུགས་བྱས་འདུག ཁོ་པ་རྒྱ་ནག་ལ་འབྱོར་མ་ཐག་ཏུ་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཉིན་ཤས་རིང་གར་སོང་ཆ་མེད་དུ་གྱུར་ཀྱང་མཐའ་མཇུག་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་ཁྲིད་མེང་ཧུང་ཝེ་བཀག་ཉར་བྱས་པ་ཡིན་ཞེས་ངེས་གཏན་བྱས་འདུག

ཕྱི་ཟླ་༡༡་ཚེས་༣༠་ཉིན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་མེང་ཧུང་ཝེ་དབུས་ཆབ་སྲིད་གྲོས་ཚོགས་ཁོངས་ནས་ཕྱིར་ཕུད་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་བསྒྲགས། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་མེང་ཧུང་ཝེ་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཕོག་ནས་འབྲེལ་ཡོད་ཚན་པ་ཁག་གིས་ཞིབ་འཇུག་བྱེད་བཞིན་ཡོད། དེར་བརྟེན་ཁོ་པས་རང་གི་ལས་གནས་ནས་གནང་བ་ཞུས་པ་རེད་ཅེས་འགྲེལ་བཤད་བརྒྱབ་སྟེ་མེང་ཧུང་ཝེ་ལ་རྒྱ་ནག་གི་སྤྱི་བདེ་བློན་ཆེན་གཞོན་པའི་གོ་གནས་ཡོད་པ་དེ་ནས་གནས་དབྱུང་བཏང་། རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་འགན་ཁུར་བཞེས་ཡོད་པ་དེ་ནས་ཕྱིར་འཐེན་བྱེད་དུ་བཅུག་ཅིང་། རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ལ་ཚོགས་མི་༢༠༠༠་ལྷག་ཡོད་པ་དེ་དག་ནི་རྒྱ་ནག་གཞུང་དང་རྒྱ་ནག་གི་འགོ་ཁྲིད་ཚོ། རྒྱལ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་སློབ་སྟོན་བྱེད་མཁན་གྱི་ལྷན་ཚོགས་ཤིག་ཡིན་རུང་ལྷན་ཚོགས་དེར་དབང་ཆ་ཅི་ཡང་མེད་པས་རྒྱ་ནག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གཞུང་གི་སྲིད་ཇུས་སོགས་ལ་ཤུགས་རྐྱེན་ཅི་ཡང་ཐེབས་ཀྱི་མེད་ཅིང་། རྒྱ་ནག་གི་ཆབ་སྲིད་གྲོས་ཁོངས་སུ་ཧོང་ཀོང་གི་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་འཇེ་ཀི་ཆན་དང་ཨ་རིའི་སླེ་གྲུག་མཐུན་ཚོགས་སུ་ཞུགས་མྱོང་ཡོད་པའི་རྒྱ་ནག་གི་སླེ་གྲུག་རྩེད་མཁན་སྐད་གྲགས་ཅན་ཡའོ་མིང་། ད་དུང་རྒྱ་ནག་གི་འབྱོར་ལྡན་པ་དང་གཞས་པ་གཞས་མ་གྲགས་ཅན། རྒྱ་ནག་གི་ཤེས་ཡོན་ཅན་དང་སྒྱུ་རྩལ་སོགས་འདུས། བོད་དང་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་གྲས་སུ་བླ་མ་དང་ཆོས་ལུགས་པ། སྔོན་མའི་དཔོན་ཁག་གི་བུ་རབས་ཚ་རྒྱུད་བསྡུ་ཡི་ཡོད་པ་རེད།

རྒྱ་ནག་གཞུང་གིས་མེང་ཧུང་ཝེས་ལྐོག་ཟ་དང་ཁྲིམས་འགལ་ཅི་ཞིག་བྱས་ནས་འཛིན་བཟུང་བྱས་ཡིན་མིན་གྱི་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་མེང་ཧུང་ཝེས་ལྐོག་ཟ་དང་ཁྲིམས་འགལ་བྱས་པ་རེད་ཟེར་པ་དེར་ཁུངས་ལུང་གསལ་བོ་མེད་པར་མ་ཟད། རྒྱ་ནག་གི་ཁྲིམས་ཟེར་པ་དེ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་གིས་ཅི་ཞིག་བཤད་པ་རྣམས་རྒྱལ་ཁྲིམས་རེད། རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་གི་གོ་གནས་འཛིན་པའི་མི་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དེར་ཆབ་སྲིད་ཀྱི་དམིགས་ཡུལ་འབའ་ཞིག་ཡོད། རྒྱ་ནག་གིས་ལྐོག་ཟ་དང་ཁྲིམས་འགལ་བྱས་པ་རེད་ཅེས་མི་ལ་ནག་ཉེས་འཛུགས་ཀྱི་ཡོད་པ་མང་ཆེ་བ་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་འདུག འདི་ནི་འདས་པའི་ཉམས་མྱོང་གིས་ར་སྤྲོད་བྱེད་ཐུབ་པ་དང་མེང་ཧུང་ཝེ་ལ་རྒྱ་ནག་གི་སྤྱི་བདེ་བློན་ཆེན་གཞོན་པའི་གོ་གནས་ཡོད་པར་བརྟེན། ཁོ་པ་རྒྱ་ནག་ནས་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་རྗེས་སུ་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པའི་རྒྱ་ནག་གི་དཔོན་རིགས་ཟུར་པ་ཁག་དང་ཚོང་པ་འབྱོར་ལྡན་པ་རྒྱ་ནག་ལ་ཕྱིར་འགུགས་བྱས་ནས་ཁྲིམས་གཅོད་བྱེད་ཀྱི་ཡོད་པའི་ལས་འགུལ་ལ་ཞུགས་མྱོང་ཡོད་ཤས་ཆེ། ལྷག་པར་དུ་མེང་ཧུང་ཝེ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ཀྲུག་ཡུང་ཁཱང་ལ་འབྲེལ་བ་ཡོད་པས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཀྲུག་ཡུང་ཁཱང་བཙོན་འཇུག་བྱས་པ་དང་ཀྲུག་ཡུང་ཁཱང་གི་རྒྱབ་སྐྱོར་པ་རྣམས་ཀྱང་རྩ་མེད་གཏོང་གི་ཡོད་པ་དེའི་རྡུང་རྡེག་ཁོངས་སུ་མེང་ཧུང་ཝེ་ཚུད་ཡོད་པ་ཞིག་ཡིན་རེད་ཅེས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་དཔྱད་ཞིབ་ཀྱི་རྩོམ་ཡིག་བཀོད་འདུག

རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་ལས་ཁུངས་གཙོ་བོ་ནི་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་ཆགས་ཡོད་པ་དང་། ཉེ་ཆར་རྒྱ་ནག་གཞུང་གིས་མེང་ཧུང་ཝེ་རང་ཡུལ་ལ་ཕྱིར་འགུགས་བྱས་པ་དང་ཁོ་པས་ཧྥ་རན་སིར་གནས་སྡོད་རང་གི་ཆུང་མར་ཁ་པར་ནང་དུ་གྲི་ཞིག་གི་པར་རིས་བསྐུར་ནས་ཉེན་ཀའི་གནས་སུ་ལྷུང་སོང་ཞེས་བརྡ་བཏང་ནས་བཟུང་། མེང་ཧུང་ཝེ་དང་ཆུང་མ་གཉིས་འབྲེལ་བ་བྱུང་མེད། རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་མེང་ཧུང་ཝེ་འཛིན་བཟུང་བྱས་དོན་ཅི་ཡིན་གྱི་རྒྱུ་མཚན་འདྲི་རྩད་བྱས་ཀྱང་རྒྱ་ནག་གཞུང་གིས་ལན་འདེབས་གསལ་བོ་ཞིག་བྱས་མེད་ཀྱང་མེང་ཧུང་ཝེ་ལ་རང་གི་ལས་གནས་ནས་གནང་བ་ཞུས་པ་ཡིན་ཞེས་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ལ་སྙན་ཞུ་འབུལ་དུ་བཅུག་འདུག་པས་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱིས་ཀྱང་འཕྲལ་དུ་སྙན་ཞུ་དེར་དང་ལེན་གྱིས་ཡུན་རིང་མ་འགོར་པར་ལྷོ་ཀོ་རི་ཡའི་མི་ཞིག་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་འོས་འདེམས་བྱས་ཤིང་། རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཁོངས་སུ་རྒྱལ་ཁབ་༡༩༢་ཞུགས་ཡོད་པ་དང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་མེང་ཧུང་ཝེ་ལ་དོན་ངོ་མར་ནག་ཉེས་ཅི་ཞིག་ཡོད་མེད། ཁོ་པ་གང་དུ་བཙོན་འཇུག་བྱས་ཡོད་མེད་རྣམས་ཁྱབ་བསྒྲགས་བྱས་མེད་པ་རེད།།

XS
SM
MD
LG