ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་གཞུང་ཚབ་པ་དང་ཡུ་གུར་བའི་གནད་དོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་ཨ་རིའི་གྲོས་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པར་ཨ་མི་རི་ཀས་རྒྱ་ནག་ལ་ཉེས་ཆད་དྲག་པོ་གཅོད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། ཁ་སང་གཟའ་མིག་དམར་ཉིན་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཚུའི་ཐེན་ཁེ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་བརྗོད་དོན། གལ་སྲིད་ཨ་མི་རི་ཀས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྒྱ་ནག་ལ་ཉེས་ཆད་བཀལ་ན་རྒྱ་ནག་གིས་ཨ་མི་རི་ཀར་ལན་པ་ནན་པོ་སློག་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་ཚོར་བསམ་བློའི་སློབ་གསོ་སྤྲོད་ཀྱི་ཡོད། ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་རྣམས་ནི་ཨ་མི་རི་ཀས་འཐབ་རྒོལ་བྱེད་ཀྱི་ཡོད་པའི་ཁ་ཆེ་རྒྱལ་ཁབ་ཀྱི་དྲག་སྤྱོད་པ་དང་གཅིག་མཚུངས་ཡིན། ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱེད་ཀྱི་ཡོད་པའི་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོར་ཉེས་ཆད་གཅོད་ཀྱི་ཡོད་དམ། ང་ཚོས་འཇིགས་སྐུལ་རིང་ལུགས་པ་ཚོར་བསམ་བློའི་སློབ་གསོ་བཏང་ནས་བཅོས་ཐབས་དང་སླར་ཡང་རྒྱུན་ལྡན་གྱི་མི་ཚེ་ཞིག་སྐྱེལ་ཐུབ་པའི་རོགས་རམ་བྱེད་བཞིན་ཡོད། ཨ་མི་རི་ཀས་འཇིགས་སྐུལ་རིང་ལུགས་པ་རྣམས་གསོད་ཀྱི་འདུག འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཕྱོགས་འདིར་ཨ་མི་རི་ཀས་ཚད་ཐིག་གཉིས་འཛིན་གྱི་འདུག འདི་ནི་དྲང་སྙོམས་ཤིག་མ་རེད་ཅེས་རྒྱ་ནག་དང་ཨ་མི་རི་ཀའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་སྟངས་གཤིབ་སྡུར་བྱས་ནས་ཨ་མི་རི་ཀར་དགག་པ་བརྒྱབ་འདུག

ཨ་རིའི་གྲོས་ཚོགས་ཀྱིས་ཞིན་ཅང་གི་ཡུ་གུར་བ་བཀག་ཉར་དང་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པའི་ལས་དོན་ལ་ཐད་ཀར་འབྲེལ་བ་ཡོད་པའི་ཞིན་ཅང་གི་འགོ་ཁྲིད་ཚོ་ཨ་མི་རི་ཀར་ཡོང་མི་ཆོག་པ་དང་ཨ་མི་རི་ཀའི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག གལ་སྲིད་ཞིན་ཅང་གི་མཐོ་རིམ་འགོ་ཁྲིད་ཚོས་ཨ་མི་རི་ཀའི་ས་ཐོག་ཏུ་རྒྱུ་དངོས་དང་དངུལ་སྒོར་བཞག་ཡོད་ན་ཨ་རིའི་གཞུང་གིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དེ་དག་གི་རྒྱུ་དངོས་དང་དངུལ་སྒོར་རྣམས་བཙན་ཉར་བྱ་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ལྟ་སྲུང་དང་འཚོལ་ཞིབ། གནོན་སྡོམ་བྱེད་པའི་འཕྲུལ་ཆས་ཀྱི་རིགས་རྣམས་ཨ་མི་རི་ཀ་ནས་ནང་འདྲེན་བྱེད་མི་ཆོག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་འཕྲུལ་ཆས་རྣམས་ཕྱིར་ཚོང་བྱེད་མི་ཆོག་ཅེས་སྲིད་འཛིན་ཌོ་ནལ་ཊམ་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་གཞུང་ཚབ་པས་ཨ་མི་རི་ཀར་ལན་པ་སློག་རྒྱུ་ཡིན་ཞེས་སྔོན་ནས་ཉེན་བརྡ་བཏང་མོད། འོན་ཀྱང་ཨ་མི་རི་ཀས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་རྒྱ་ནག་ལ་དངོས་སུ་ཉེས་ཆད་བཀལ་ན་རྒྱ་ནག་གིས་ཨ་མི་རི་ཀར་ལན་པ་ཅི་ཞིག་སློག་རྒྱུ་ཡིན་མིན་གཞུང་ཚབ་ཚུའི་ཐེན་ཁེ་ཡིས་གསལ་བོར་བཤད་མེད་པ་རེད།

​ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་ཞིབ་འཇུག་བྱས་པ་ལྟར་ན་དེང་སྐབས་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་ཅིང་། ཆབ་སྲིད་སློབ་གསོ་དེ་རྣམས་ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་རྒྱུ། ཞིན་ཅང་གི་ཡུ་གུར་བ་ཚོས་རང་ཉིད་རྒྱ་ནག་གི་མི་ཁོངས་ཡིན་པའི་འདུ་ཤེས་འཛིན་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་ལ་བསྟོད་དབྱངས་འཐེན་ནས་ཁྲི་ལོ་བརྟན་པོར་ཤོག་ཅེས་ཁ་གཡང་སྒྲོགས་རྒྱུ། ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གོང་བཀུར་དང་རྒྱབ་སྐྱོར་བྱ་རྒྱུ། ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་གསུམ་ལ་འཐབ་རྒོལ་བྱེད་དགོས་ཞེས་སློབ་གསོ་གཏོང་གི་ཡོད་པར་མ་ཟད། ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ཡིག་རྒྱ་སྐད་གཙོ་བོར་འཛིན་དགོས། ཡུ་གུར་བའི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག་པ་དང་བུད་མེད་ཚོས་མགོ་རས་དཀྲིས་ནས་གདོང་འཁེབ་གཡོག་མི་ཆོག་པ། ཁོ་ཚོ་ཁ་ཆེའི་ལྷ་ཁང་དུ་སོང་ནས་ཕྱག་འཚལ་བ་དང་ཁ་འདོན་བྱེད་མི་ཆོག་པ། ར་མ་དྷན་སྨྱུང་གནས་ཟླ་བའི་དུས་སུ་བཟའ་བཏུང་བཀག་ནས་སྨྱུང་གནས་སྲུང་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། ལག་ཤེས་སློབ་གྲྭ་དེར་འདུས་པའི་ཡུ་གུར་བ་རྣམས་རང་མོས་ཀྱིས་ཞུགས་ཡོད། ཁོ་ཚོ་སུ་གཅིག་གིས་ཀྱང་བཙན་ཤེད་ཀྱིས་བསྡུས་པ་མིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་རུང་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཚུད་མྱོང་ཡོད་པའི་མི་ཚོས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་བཤད་པ་ལྟར་ན་བཀག་ཉར་ཁང་དེ་དག་གི་ནང་དུ་ལག་ཤེས་སློབ་སྦྱོང་ཅི་ཡང་མི་འདུག ཁོ་ཚོར་བཙན་དབང་གིས་ཆབ་སྲིད་ཀྱི་དྲིལ་བསྒྲགས་རྣམས་སློབ་སྦྱོང་བྱེད་དུ་འཇུག་གི་འདུག ཁོ་ཚོར་རྡུང་རྡེག་གཏོང་བ་དང་པར་ཆས་བཙུགས་ནས་ཉིན་མཚན་དུས་དྲུག་ལ་སོ་བལྟ་བྱས་པ། ཁོ་ཚོར་འགུལ་སྐྱོད་ཀྱི་རང་དབང་མི་འདུག་ཅེས་རང་གི་ཉམས་མྱོང་རྣམས་བཤད། བདུན་ཕྲག་འདིའི་གཟའ་ཟླ་བར་འཛམ་གླིང་ཁྱོན་ཡོངས་ཀྱི་ཤེས་ཡོན་ཅན་དང་མཁས་པ་༢༧༠་ལྷག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་བཀག་ཉར་བྱས་ནས་འགྲོ་བ་མིའི་སྤྱོད་ཚུལ་ལས་འདས་པའི་མནར་གཅོད་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས། ཞིན་ཅང་གི་ཡུ་གུར་བ་ཚོར་བཀག་ཉར་ཁང་དེ་དག་གི་ནང་དུ་ཟས་བཅུད་མ་འདང་བ་དང་ཡིད་སེམས་ཁོང་དུ་ཆུད་ནས་སྲོག་རླུང་འཕར་བ། ཆབ་སྲིད་ཀྱི་སློབ་གསོ་དེར་མཉམ་ཞུགས་ཚུལ་བཞིན་མི་བྱེད་མཁན་ཚོར་རྡུག་རྡེག་བཏང་ནས་བཀར་འཇུག་བྱེད་ཀྱིན་འདུག ཡུ་གུར་བའི་ཆོས་དད་རང་མོས་ཀྱི་ཐོབ་ཐང་འཕྲོག་པ་སོགས་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་མཚམས་འཇོག་བྱ་དགོས། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ལུས་སེམས་གཉིས་ཀྱི་མནར་གཅོད་མ་བཟོད་པར་འཆི་སྐྱོན་ཕོག་གི་ཡོད་པ་མང་དག་ཅིག་ཡོད་པའི་གྲས་སུ་འཆི་སྐྱོན་འབྱུང་གི་ཡོད་པ་མང་ཆེ་བ་རྒན་རྒོན་རེད་ཅེས་ཐེར་འདོན་བྱས་འདུག

XS
SM
MD
LG