ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་གྲོས་མཐུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ལོ་ངོ་གཉིས་ཀྱི་གོང་དུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཞེས་མང་མོས་འོས་འདེམས་བྱས་ནས་ཐག་བཅད། ཁ་སང་གཟའ་ཉི་མའི་ཉིན་དབྱིན་ཇིའི་སྲིད་བློན་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོ་ལོ་རྗེས་མའི་ཕྱི་ཟླ་༣་ཚེས་༡༩་ཉིན་དབྱིན་ཇི་དངོས་སུ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཆོག་པའི་གྲོས་མཐུན་བྱུང་རུང་མ་འོངས་པར་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བ་འཛིན་ཕྱོགས་དང་ཚོང་ལས། དབྱིན་ཇིའི་དངོས་ཟོག་རྣམས་སྔར་བཞིན་སྒོ་ཁྲལ་འཇལ་མི་དགོས་པར་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱེད་ཆོག་གི་ཡོད་མེད་སོགས་ཁ་གསལ་བྱུང་མེད་པས་གཟའ་ཉི་མའི་གྲོས་མཐུན་དེར་དབྱིན་ཇིའི་གྲོས་ཚོགས་སུ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་ཅིང་། དབྱིན་ཇིའི་ལས་རྩོལ་ཚོགས་པའི་འགོ་ཁྲིད་འཇར་མཱི་ཀོར་བྷིན་གྱིས་དབྱིན་ཇིའི་གྲོས་ཚོགས་སུ་སྲིད་བློན་ཊེ་རི་ས་མཱེ་ལ་རྩོད་བསྡུར་དྲག་པོ་བྱ་འཆར་ཡོད་ཅེས་བཤད། སྲིད་བློན་ཊེ་རི་ས་མཱེས་ཀྱང་གྲོས་མཐུན་དེར་དགེ་མཚན་ཡོད་པའི་དག་སྐྱེལ་གཟབ་ནན་བྱ་འཆར་ཡོད་ཅེས་གསར་འགོད་པ་ཚོར་བཤད་འདུག

དབྱིན་གཞུང་གི་བློན་ཆེན་ཁག་དང་གཞུང་འཛིན་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་སྲིད་བློན་ཊེ་རི་ས་མཱེ་དང་རྒྱལ་ཁབ་༢༧་ཀྱི་སྒྲིག་འཛུགས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་རྒྱབ་སྐྱོར་མེད་ཅེས་ཉེན་བརྡ་གཏོང་འགོ་ཚུགས། གལ་སྲིད་ཟླ་བ་རྗེས་མར་དབྱིན་ཇིའི་གྲོས་ཚོགས་སུ་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མཐུན་དེར་རྒྱབ་སྐྱོར་མ་ཐོབ་ཚེ། སྲིད་བློན་ཊེ་རེ་ས་མཱེས་རང་གི་ལས་གནས་ནས་དགོངས་པ་ཞུས་ནས་དབྱིན་ཡུལ་ལ་སྲིད་གཞུང་གསར་པ་ཞིག་འཛུགས་པའམ། ཡང་ན་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱིས་གྲོས་མཐུན་མ་བཞག་པར་དབྱིན་ཇི་རྒྱལ་ཁབ་༢༧་ཀྱི་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཐུག་རྒྱུ་ཡིན་མིན་ངེས་པ་མེད། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཁེ་ལོ་ཌི་ཇུན་ཁར་གྱིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་གྲོས་མཐུན་དེར་རྒྱབ་སྐྱོར་བྱ་དགོས། ང་ཚོས་འདི་ལས་ལྷག་པའི་གཉིས་ཕན་གྱི་གྲོས་མཐུན་ཞིག་འཇོག་མི་ཐུབ། འདི་ནི་གྲོས་མཐུན་དེ་ཡིན། གྲོས་མཐུན་ཁེ་ཕན་ཆེ་ཤོས་དེ་ཡིན། ཡུ་རོབ་མཉམ་འབྲེལ་གྱིས་རང་གི་གཞི་རྩའི་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་དབྱིན་ཡུལ་ལ་འདི་ལས་ལྷག་པའི་ཁེ་ཕན་ཞིག་ནམ་ཡང་སྤྲོད་མི་སྲིད། དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོ་སྐྱེ་བོ་རྣམ་དཔྱོད་ལྡན་པ་ཤ་སྟག་ཡིན་པས་གྲོས་མཐུན་འདིར་རྒྱབ་སྐྱོར་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།

འཇར་མན་ཎིའི་སྲིད་བློན་ཨང་ཀི་ལ་མར་ཁེལ་གྱིས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་དབྱིན་ཇིར་བསམ་ཤེས་ཆེན་པོ་བྱས་ནས་གྲོས་མཐུན་ཞིག་བཞག་པ་དེས་བློ་བདེ་སོང་ཞེས་བཤད་འདུག ནེ་དྷར་ལན་ཌིའི་སྲིད་བློན་རུ་ཐེ་ཡིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་གྲོས་མཐུན་འདིར་རྒྱབ་སྐྱོར་མ་བྱས་ན་འདི་ལས་ལྷག་པའི་གྲོས་མཐུན་ཁེ་ཕན་ཆེ་ཞིག་འཇོག་ཐབས་མེད། དེར་བརྟེན་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་གྲོས་མཐུན་དེར་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་ནས་ལོ་༤༤་ཕྱིན་པའི་རྗེས་སུ་ཕྱིར་འཐེན་བྱེད་ཀྱི་ཡོད་པར་ང་ནི་མོས་མཐུན་མེད། དེ་རིང་ང་ཚོ་སུ་གཅིག་ལའང་ཁེ་ཕན་ཐོབ་མེད། ང་ཚོ་ཚང་མ་ཕམ་གྱོང་ཁུར་མཁན་རེད། ཡིན་ནའང་དབྱིན་ཡུལ་གྱི་ཁེ་ཕན་ཆེན་པོ་ཞིག་བློས་གཏོང་མ་དགོས་པར་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་དུ་བཅུག་པར་དགའ་བ་སྒོམ་དགོས་ཞེས་བཤད་ཡོད་པར་མ་ཟད། དབྱིན་ཇིའི་གྲོས་ཚོགས་སུ་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པར་ངོ་རྒོལ་ཡོད་ཅེས་གྲོས་མཐུན་དེར་རྒྱབ་སྐྱོར་མེད་པ་དང་། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པར་རྒྱབ་སྐྱོར་ཡོད། སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ལ་གྲོས་མཐུན་ཞིག་བཞག་ཡོད་པར་ངོ་རྒོལ་ཡོད་ཅེས་གྲོས་མཐུན་དེར་ངོ་རྒོལ་བྱེད་མཁན་ཕྱོགས་གཉིས་འབྱུང་གི་ཡོད་པ་རེད།

ད་ཐེངས་ཀྱི་གྲོས་མཐུན་དེར་ལོ་ངོ་རེ་ཟུང་ཞིག་ལ་དབྱིན་ཇི་སྔར་བཞིན་ཡུ་རོབ་མཉམ་འབྲེལ་གྱི་གཅིག་གྱུར་ཁྲོམ་རའི་ཁོངས་སུ་མཉམ་གནས་བྱ་རྒྱུ། ཡུ་རོབ་མཉམ་འབྲེལ་གྱི་གཅིག་གྱུར་ཁྲོམ་རའི་ཁྲིམས་དང་སྒྲིག་གཞི་ཁག་ལ་དབྱིན་གཞུང་གིས་བརྩི་སྲུང་བྱ་དགོས། དབྱིན་གཞུང་ལ་ཡུ་རོབ་མཉམ་འབྲེལ་གྱི་གཅིག་གྱུར་ཁྲོམ་རའི་ཁྲིམས་དང་སྒྲིག་གཞི་ཁག་ལ་བཅོས་སྒྱུར་གཏོང་ཆོག་པ་དང་ཐེ་གཏོགས་བྱེད་ཆོག་པའི་དབང་ཚད་མེད། བར་བརྒལ་གྱི་དུས་སྐབས་དེའི་རིང་དུ་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་འབྲེལ་དང་དཔལ་འབྱོར་འབྲེལ་བ། ས་མཚམས་དང་སྒོ་ཁྲལ། ཡུ་རོབ་མཉམ་འབྲེལ་གྱི་སྤྱི་དམངས་རྣམས་དང་དབྱིན་ཇིའི་སྤྱི་དམངས་རྣམས་ཕར་ཚུར་འགྲིམ་འགྲུལ་དང་གནས་སྡོད་ཆོག་མིན། ལས་ཀ་འཚོལ་ཕྱོགས་བཅས་ལ་གྲོས་བསྡུར་གཏན་འབེབས་བྱ་དགོས་ཞེས་གྲོས་མཐུན་དེར་བཀོད། དབྱིན་ཇིའི་མངའ་ཁོངས་སུ་ཡོད་པའི་བྱང་ཕྱོགས་ཨར་ལན་ཌི་དང་སི་ཀོ་ཊི་ལན་གཉིས་ཀྱིས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པར་མོས་མཐུན་མེད། བྱང་ཕྱོགས་ཨར་ལན་ཌི་དང་སི་ཀོ་ཊི་ལན་ཌི་གཉིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འདུག་འདོད་ཡོད། དབྱིན་ཇིའི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་སྲིད་གཞུང་ཞིག་ལ་ལོན་ཌོན་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་རྒྱབ་སྐྱོར་བྱ་མི་ཐུབ་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་མོད། འོན་ཀྱང་དབྱིན་ཇིའི་ལྟ་བ་མཁྲེགས་འཛིན་ཅན་ཚོས་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བ་གཙང་བཅད་བྱས་པའི་གྲོས་མཐུན་ཞིག་འཇོག་ཐུབ་མི་འདུག ད་དུང་ཡང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་རིམ་བཞིན་ཕྱིར་འཐེན་བྱ་དགོས་པའི་གྲོས་མཐུན་ཞིག་ལ་ཁས་ལེན་བྱས་པར་ངོ་རྒོལ་ཡོད། དབྱིན་ཇི་མགྱོགས་མྱུར་ངང་དུ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཞེས་སྲིད་བློན་ཊེ་རི་ས་མཱེ་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

XS
SM
MD
LG