ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་གྱི་འོས་འདེམས་ལ་རྒྱ་ནག་གིས་ཐེ་གཏོགས་བྱ་ཉེན།


༄༅།།བདུན་ཕྲག་འདིའི་གཟའ་སྤེན་པའི་ཉིན་ཐེ་ཝན་གྱི་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་དང་ས་གནས་ཀྱི་འགོ་ཁྲིད་ཚོ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་ཀྱི་ཡོད་པས་རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱ་སྲིད་པའི་ཉེན་ཀ་ཆེན་པོ་འདུག རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཤུགས་རྐྱེན་གཏོང་ཐབས་ནི་ཨུ་རུ་སུའི་གཞུང་གིས་༢༠༡༦་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པ་ལྟར་དྲྭ་ལམ་དུ་གསར་འགྱུར་རྫུན་མ་སྤེལ་བ་དང་ཁུངས་ལུང་མེད་པའི་སྐྱོན་འཛུགས་བྱས་པ། ཐེ་ཝན་གྱི་མི་མང་འོས་ཤོག་འཕེན་མཁན་ཚོའི་བློ་ཁ་སྒྱུར་ཐབས་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་ཉེན་ཀ་ཆེན་པོ་ཡོད་ཅིང་། ཐེ་ཝན་མཚོ་གླིང་གི་སྲིད་འཛིན་འོས་འདེམས་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་རྗེས་སུ་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་དང་གྲོང་གསེབ་རིམ་པའི་འགོ་ཁྲིད་ཚོ་མང་ཚོགས་ཀྱིས་འོས་འདེམས་བྱ་རྒྱུ་མཚོ་གླིང་དེའི་དམངས་གཙོའི་ལམ་ལུགས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རང་བཙན་ཤོག་ཁག་གི་སྲིད་དོན་ཚོགས་པ་ཁག་ལ་གནོན་ཤུགས་སྤྲོད་གང་ཐུབ་བྱེད་ཀྱི་ཡོད་པ་དང་ཐེ་ཝན་གཞུང་གིས་ཀྱང་རྒྱ་ནག་གི་གསར་འགྱུར་རྫུན་མ་དང་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཁག་ལ་འགོག་ཐབས་བྱེད་ཀྱི་ཡོད་པ་རེད།

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མི་ཁག་ཅིག་གིས་རྫུན་གཏམ་གང་ཞིག་འུད་ཤོབ་ཆེན་པོས་བསྒྲགས་ན་བདེན་གཏམ་དུ་འགྱུར་ཐུབ་སྙམ་པའི་བསམ་བློ་ནོར་པ་ཞིག་གཏོང་གི་འདུག ང་ཚོས་ངེས་པར་དུ་རྫུན་གཏམ་སྒྲོགས་མཁན་ཚོར་ལམ་ལྷོངས་ཡོང་དུ་འཇུག་མི་ཉན་ཞེས་ངོ་དེབ་ནང་དུ་རྩོམ་ཐུང་ཞིག་སྤེལ་ཞིང་། ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་མཚོ་གླིང་དེའི་གསར་འགྱུར་ལས་ཁང་ཁག་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ལ་རྒྱ་ནག་གིས་དམག་སྦྱོང་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཕྱི་རྒྱལ་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་པའི་ཐེ་ཝན་པ་ཚོར་མཚོ་གླིང་དེའི་གཞུང་ཚབ་ལས་ཁང་ཁག་གིས་བདག་པོ་མ་བརྒྱབ་པར་དཀའ་ངལ་འཕྲད་པའམ། ཡང་ན་རྒྱ་ནག་གི་གཞུང་ཚབ་ལས་ཁང་ཁག་གིས་ཐེ་ཝན་པ་དེ་དག་ལ་བདག་པོ་བརྒྱབ་ནས་སྐྱོབ་དགོས་ཐུག་པ་སོགས་ངེས་གཏན་མི་ཐུབ་པའི་བརྙན་འཕྲིན་ལོག་པ་བཀྲམ། རྒྱ་ནག་གཞུང་གིས་ཐེ་ཝན་མི་དམངས་ས་ཡ་༢༣་ལ་གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པའི་གོ་སྐབས་བླངས་ཏེ་གསར་འགྱུར་ལོག་པ་སྤེལ་གྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་ནས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པའི་སྟོབས་ཤུགས་གཅོག་རྒྱུ། རྒྱ་ནག་དམར་ཤོག་གཞུང་དང་རྒྱ་ནག་ལ་སེམས་ཐག་ཉེ་བ། མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་ལངས་ཕྱོགས་འཛིན་མཁན་ཐེ་ཝན་གྱི་གོ་མིན་ཏང་གི་སྲིད་དོན་པ་ཚོར་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་དང་སྤྱི་ཚོགས་དྲྭ་ལམ་ཁག་གིས་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཅེས་གནས་ཚུལ་སྤེལ་འདུག

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་པེ་ཅིང་གི་དབང་འཛིན་པ་རྣམས་ཀྱིས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་གྱི་ཚོང་པ་ཚོ་བརྒྱུད་ནས་ཐེ་ཝན་གྱི་སྲིད་དོན་པ་ཁག་ཅིག་ལ་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པའི་དོགས་པ་ཡོད། ཟླ་མཇུག་འདིར་ཐེ་ཝན་གཞུང་གིས་དོགས་གཞི་ཅན་གྱི་སྲིད་དོན་པ་གཉིས་ལ་རྒྱ་ནག་གི་དངུལ་སྒོར་བླངས་པའི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱོར་རྒྱུ་དང་རྒྱ་ནག་ནས་ཐེ་ཝན་ལ་དངུལ་སྒོར་གཏོང་ལེན་བྱེད་པའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ལྐོག་འཛུགས་བྱས་ཡོད་པ་སྒོ་རྒྱག་ཐུབ་ཡོད་མོད། འོན་ཀྱང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་གྱི་དཀྲོག་གཏམ་རྣམས་ཐེ་ཝན་གྱི་སྤྱི་ཚོགས་སུ་ཁྱབ་མི་ཐུབ་པའི་འགོག་རྒོལ་བྱ་རྒྱུ་འཐབ་རྒོལ་བྱ་ཡུལ་གསར་པ་ཞིག་ཏུ་གྱུར། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱི་མེད། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ངོ་དེབ་དྲྭ་ཚུགས་སུ་སྤེལ་བའི་རྩོམ་ཐུང་དེ་གསར་འགྱུར་རྫུན་མ་རེད། དེ་ལ་རྒྱ་ནག་གཞུང་གིས་དགག་པ་རྒྱག་དགོས་པའི་འོས་བབ་ཀྱང་མི་འདུག རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱི་ཡོད་ཚུལ་བསྒྲགས་པ་ནི་རྟོག་བཟོ་ཁོ་ན་ཡིན་པས་ཐེ་ཝན་གྱི་རྒྱལ་གཅེས་སྤུན་ཟླ་ཚོས་དཀྲོག་གཏམ་དེར་ཡིད་ཆེས་མི་བྱེད་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་རུང་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་ཕན་ཚུན་དྲིལ་བསྒྲགས་ཀྱི་དམག་འཐབ་བྱས་ནས་ལོ་༧༠་ལྷག་འགོར། ༡༩༩༦་ལོར་ཐེ་ཝན་ལ་དམངས་གཙོའི་ལམ་ནས་སྲིད་འཛིན་འོས་འདེམས་ཐོག་མ་བྱས་པའི་དུས་སུ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་མེ་ཤུགས་འཕུར་མདའ་བརྒྱབ་ནས་ཐེ་ཝན་མི་དམངས་ལ་སྡིགས་ར་བསྐུལ།

དེང་སྐབས་ངོ་དེབ་གཙོས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་གསར་འགྱུར་རྫུན་མ་སྤེལ་ནས་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཁག་གི་མཚན་མཐོང་གཅོག་གི་ཡོད་པ་སྟེ། ཉི་ཧོང་གི་ཨོ་ས་ཀ་གྲོང་ཁྱེར་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་སུ་ཊི་རེང་གིས་ལས་འགན་འཐུས་ཤོར་བཏང་སྟེ་རང་སྲོག་བཅད་ནས་ཤི་བ་རེད་ཅེས་བསྒྲགས་པའི་དཀྲོག་གཏམ་དེའི་འབྱུང་ཁུངས་རྒྱ་ནག་ལ་ཐུག་ཡོད་པ་རྩད་གཅོད་ཐུབ་ཡོད།

ད་ལྟ་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་འདེམས་དེར་གོ་མིན་ཏང་གི་འོས་མི་ཧན་གོ་ཡུའི་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་པ་མང་བ་ཡོད་པའི་རྣམ་པ་ཞིག་ཐོན། གལ་སྲིད་གོ་མིན་ཏང་གི་འོས་མི་ཧན་གོ་ཡུའི་ལ་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་འདེམས་ཀྱི་རྒྱལ་ཁ་འཐོབ་ཚེ། ལོ་༢༠་ལྷག་ལ་ཐེ་ཝན་གྱི་ལྷོ་ཕྱོགས་སུ་དམངས་གཙོ་ཡར་ཐོན་ཚོགས་པས་དབང་སྒྱུར་བྱས་པ་མཇུག་བསྒྲིལ་སྲིད། དམངས་གཙོ་ཡར་ཐོན་ཚོགས་པའི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་མི་ཁྲེན་ཆི་མཱེའི་ཁྲིམས་རྩོད་པ་ཚོས་ཟླ་བ་སྔོན་མར་ཐེ་ཝན་གྱི་གསར་ལམ་ཁག་ཏུ་དཀྲོག་གཏམ་ཁྱབ་པ་དེ་དག་གི་འགྱུར་རྩ་རྒྱ་ནག་ལ་ཐུག་ཡོད་པའི་ཁུངས་སྐྱེལ་གསལ་བོ་ཡོད། ཁྲེན་ཆི་མཱེ་ལ་མིང་ཆད་ཕོག་ཏུ་བཅུག་པའི་ཐེ་ཝན་གྱི་གསར་ལམ་ཁག་ཁྲིམས་ཁང་ལ་གཏུག་འཆར་ཡོད་ཅེས་བཤད་འདུག

XS
SM
MD
LG