ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀོ་ཝེན་ཀུའི་དང་བྷེ་ནན་གྱི་གསར་འགོད་ལྷན་ཚོགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟ་ཨ་མི་རི་ཀར་སྲིད་དོན་སྐྱབས་བཅོལ་ཞུས་ནས་གནས་སྡོད་བྱེད་བཞིན་པའི་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝེན་ཀུའི་ཡིས་སྤྱི་ཟླ་༡༡་པའི་ཚེས་༢༠་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་བློ་འདོན་པ་ཟུར་པ་སི་ཊིབ་བྷེ་ནན་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས། ཁོ་པས་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་སྒོར་དུང་ཕྱུར་གཅིག་གི་མ་རྩ་བཙུགས་ནས་ཐེབས་རྩ་ཞིག་འཛུགས་རྒྱུ་ཡིན་ཞེས་བསྒྲགས།

ཐེབས་རྩ་ཁང་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་བློ་འདོན་པ་ཟུར་པ་སི་ཊིབ་བྷེ་ནན་གྱིས་འགན་ཁུར་བཞེས་རྒྱུ་ཡིན་པར་མ་ཟད། ཚོགས་པ་དེ་བརྒྱུད་ནས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་དང་སྲིད་དོན་པ་སོགས་མི་སྣ་གྲགས་ཅན་ཁག་གི་འདས་རྐྱེན་ཅི་ཡིན། ཁོ་ཚོ་གར་སོང་ཆ་མེད་དུ་འགྱུར་བཞིན་པ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཡིན། ཐེངས་འདིར་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝེན་ཀུའི་ཡིས་བསྐོངས་པའི་གསར་འགོད་ལྷན་ཚོགས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཐབས་ཇུས་བློ་འདོན་པ་ཟུར་པ་སི་ཊིབ་བྷེ་ནན་ཡང་མཉམ་ཞུགས་བྱས་ཡོད་པའི་སྟབས་ཀྱིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དོ་སྣང་ཆེན་པོ་བྱུང་འདུག

ཚོང་པ་འབྱོར་ལྡན་པ་ཀོ་ཝེན་ཀུའི་ཡིས་བསྡུས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་གཙོ་བོ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཆེ་གྲས་ཧེ་ཧང་གི་འགན་འཛིན་ཟུར་པ་ཝང་ཅན་གྱི་འདས་རྐྱེན་དང་དེའི་རྒྱབ་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ལ་དོགས་སློང་དབྱེ་ཞིབ་བྱས་ནས་མཐའ་མའི་རྙེད་དོན་རྣམས་ཕྱིར་གསལ་བསྒྲགས་བྱས་ཡོད་ཅིང་། གསར་འགོད་ལྷན་ཚོགས་ཐོག་ཏུ་སི་ཊིབ་བྷེ་ནན་གྱིས་ཀོ་ཝེན་ཀུའི་ཡིས་བཙུགས་པའི་ཁྲིམས་སྐྱོང་ཐེབས་རྩ་ཁང་བརྒྱུད་ནས་མ་འོངས་པར་རྒྱ་ནག་དམར་ཕྱོགས་ཚོགས་པས་ཁྲིམས་ཀྱི་དབང་ཆ་གང་བྱུང་དུ་བཀོལ་སྤྱོད་བཏང་ནས་སྐྱེ་བོ་སྒེར་པ་དང་ཁྱིམ་ཚང་སོགས་ལ་གནོད་སྐྱེལ་བཞིན་པའི་དཀའ་ངལ་རྣམས་སེལ་པར་ཕན་ཐོགས་ཆེན་པོ་འབྱུང་ཐུབ། ངས་ནི་རང་མོས་ཀྱི་སྒོ་ནས་ཀོ་ཝེན་ཀུའི་ཡིས་བཙུགས་པའི་ཐེབས་རྩ་ཁང་འདིའི་འགན་འཛིན་གྱི་ལས་འགན་ཁུར་པ་ཡིན། ང་ཚོས་ཆེད་ལས་པ་ཁག་ཅིག་ཀྱང་བསྡུ་སྐོང་བྱས་ཏེ་མ་འོངས་པར་ཐེབས་རྩ་ཁང་འདིའི་ལས་དོན་ཚགས་ཚུད་གཏོང་རྒྱུ་ཡིན་ཞེས་བཤད་འདུག

གཞན་ཡང་ཐེངས་འདིའི་གསར་འགོད་ཚོགས་ཐོག་ཏུ་སི་ཊིབ་བྷེ་ནན་དང་ཀོ་ཝེན་ཀུའི་གཉིས་གཉིས་ཀས་གསར་འགོད་ལྷན་ཚོགས་འདི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་ལ་འབྲེལ་བ་ཅི་ཡང་མེད་ཅེས་བཀྲལ། རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝེན་ཀུའི་ཡིས་སྤྱི་ལོ་༢༠༡༧་ལོའི་མགོ་སྟོད་ནས་བཟུང་སྟེ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་གཙོས་དབུས་གཞུང་གི་མཐོ་རིམ་ལས་སྣེ་མང་པོ་ཞིག་གིས་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ། ཁྲིམས་མེད་ལུགས་མེད་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པའི་ཉེས་སྐྱོན་རྣམས་ཐེར་འདོན་བྱས་ཡོད་ཅིང་། ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་ཏུའང་རྒྱ་ནག་གི་ཧེ་ཧང་བཟོ་ཚོང་ལས་ཁང་གི་འགན་འཛིན་ཝན་ཅན་ལོའི་འདིའི་སྤྱི་ཟླ་༧་པའི་ནང་དུ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་གཡང་ལ་ལྷུང་སྟེ་རྐྱེན་འདས་སུ་ཕྱིན་པ་དངོས་བདེན་ཡིན་མིན་གྱི་དོགས་སློང་བྱས་ཡོད་པ་སྟེ། ཚོགས་ཐོག་དེར་ཀོ་ཝེན་ཀུའི་རང་ཉིད་ཀྱིས་རྙེད་པའི་བདེན་དཔང་ཁག་ཅིག་བསྟན་ནས་ཝང་ཅིན་གྱི་འདས་རྐྱེན་ནི་དོ་བདག་གིས་པར་རྒྱག་དུས་གཟབ་ནན་མ་བྱུང་བར་གཡང་སར་ལྷུང་བ་ཞིག་མ་ཡིན་པར་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ལྐོག་གསོད་བྱས་པ་ཞིག་རེད་ཅེས་བཤད་འདུག

སྔོན་ཆད་ཀོ་ཝེན་ཀུའི་ཡིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་རུལ་སུངས་སུ་གྱུར་པ་ཐེར་འདོན་བྱས་པའི་སྐབས་ཀྱང་རྒྱ་ནག་གི་ཧེ་ཧང་བཟོ་ཚོང་ལས་ཁང་ཐེར་འདོན་བྱ་ཡུལ་གཙོ་བོ་ཞིག་ཡིན་ཞིང་། སྐབས་དེར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཝང་ཆི་ཧྲན་གྱིས་ཧེ་ཧང་བཟོ་ཚོང་ལས་ཁང་གི་མ་རྐང་མང་ཤོས་བཟུང་ཡོད་ཚུལ་བཤད། དེར་བརྟེན་རྒྱ་ནག་དབུས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོ་དང་ཧེ་ཧང་བཟོ་ཚོང་ལས་ཁང་གཉིས་ལ་ལྐོག་འབྲེལ་དམ་པོ་ཡོད་པའི་གླེང་སློང་བྱུང་བའི་རྗེས་སུ་ལོ་འདིའི་སྤྱི་ཟླ་༧་པའི་ཚེས་༣་ཉིན་ཧེ་ཧང་བཟོ་ཚོང་ལས་ཁང་གི་འགན་འཛིན་ཝང་ཅན་གློ་བུར་དུ་ཧྥ་རན་སིར་རྐྱེན་འདས་སུ་གྱུར། ཧྥ་རན་སིའི་ཉེན་རྟོག་པ་ཚོས་ཝང་ཅན་འགྱེལ་ནས་འདས་གྲོགས་སུ་གྱུར་པ་རེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་ཀོ་ཝེན་ཀུའི་ཡིས་གསར་འགོད་ལྷན་ཚོགས་དེའི་ཐོག་ཏུ་ཨ་རིའི་གཞུང་གིས་རྒྱ་ནག་གི་ཧེ་ཧང་བཟོ་ཚོང་ལས་ཁང་ལ་བརྟག་དཔྱད་མཐིལ་ཕྱིན་པ་ཞིག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།།

XS
SM
MD
LG